20620

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་སེངྒེ་རྣམ་བསྒྱིངས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས། མཐོང་ལམ་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་སེངྒེ་རྣམ་བསྒྱིངས་ཀྱི་མཚན་ཉིད། མཐོང་ལམ་རྣམ་གྲོལ་ལམ་གྱི་རྗེས་མཉམ་གཞག་ལས་མ་ལངས་པར་རྣམ་པར་ཐར་པ་བརྒྱད་དང་། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་ལྡོག་ཏུ་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སེམས་དཔའི་རྣལ་འབྱོར། འདི་དང་སྦྱོར་བ་སེངྒེ་རྣམ་བསྒྱིངས་གཉིས་དོན་མི་གཅིག་སྟེ་སྦྱོར་བ་སེངྒེ་རྣམ་བསྒྱིངས་ནི་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པའི་རྗེས་སུ་བྱུང་བ་ཡིན་ལ། འདི་ནི་དེའི་སྔ་རོལ་དུ་འབྱུང་བ་ཡིན་པའི་ཕྱིར་རོ། །ཞེས་དང་། ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས། མཐོང་ལམ་སྐད་ཅིག་མ་གཅིག་ཏུ་ངེས་པ་ལྟར་ན་མཉམ་གཞག་སྐད་ཅིག་མ་གཅིག་པོ་དེའི་རྗེས་དེ་ནས་ཞེས་པའམ། སྐད་ཅིག་བཅུ་དྲུག་ཏུ་ངེས་པ་ལྟར་ན་བར་ཆད་མེད་ལམ་སྐད་ཅིག་མ་གཅིག་པོ་དེའི་རྗེས་སུ་སྔར་བཤད་པའི་རྣམ་གྲོལ་ལམ་སྐད་ཅིག་མ་བཅོ་ལྔ་པོ་དེ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། མཉམ་གཞག་སྐད་ཅིག་མ་བཅུ་དྲུག་པོ་དེ་རྫོགས་པའི་རྗེས་དེ་ནས། རྗེས་ཐོབ་ཀྱིས་བར་མ་ཆོད་པར་ཐོག་མར་རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་སྙོམས་པར་འཇུག་པའི་མཐོང་ལམ་གྱི་ཁྱད་པར་ལམ་གྱི་ངོ་བོར་གྱུར་པའི་ཏིེང་ངེ་འཛིན་སེང་གེ་རྣམ་བསྒྱིངས་སྒོམ་པར་བྱེད་དོ། །དགོས་པ་ཅིའི་ཕྱིར་དུ་ཞེ་ན། མཐོང་ལམ་རྩེ་སྦྱོར་གྱི་གནས་སྐབས་སུ་རྣམ་ཐར་བརྒྱད་དང། སྙོམས་འཇུག་དགུ་ཐོབ་པ་དེ་ལ་དབང་ཐོབ་པའི་ཆེད་དུའོ། །ཅིའི་ཕྱིར་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་ཞེ་ན། མཐོང་སྤང་སྒྲིབ་གཉིས་ཀྱིས་འཇིགས་པ་མེད་པའི་ཕྱིར་རོ། །ཞེས་དང་། པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས། མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་སྤེལ་བར་གང་ཡང་མེད་པར་ལུགས་མཐུན་དང་ལུགས་མི་མཐུན་གཉིས་ཀྱི་སྒོ་ནས་སྙོམས་པར་འཇུག་པའི་སྙོམས་འཇུག་དེ། སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། མཐོང་ལམ་གྱི་སྐབས་ནས་བསྟན་པའི་ཁྱད་པར་གྱི་ལམ་གྱི་ངོ་བོར་སྐྱེས་པའི་སེང་གེ་རྣམ་བསྒྱིངས་དང། སྒོམ་ལམ་གྱི་སྐབས་ནས་བསྟན་པའི་སྤོང་ལམ་གྱི་ངོ་བོར་སྐྱེས་པའི་སྦྱོར་བ་སེང་གེ་རྣམ་བསྒྱིངས་གཉིས་ལས། དང་པོ་ནི། མཐོང་ལམ་གྱི་ཁྱད་པར་གྱི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་མཐར་གནས་ཀྱི་སྙོམས་འཇུག་དེ། མཐོང་ལམ་ནས་བསྟན་པའི་སེང་གེ་རྣམ་བསྒྱིངས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་དགུའོ། །གཉིས་པ་སྒོམ་ལམ་ནས་བསྟན་པའི་སེང་གེ་རྣམ་བསྒྱིངས་ནི། སེང་གེ་རྣམ་བསྒྱིངས་གང་ཞིག་རང་གི་ངོས་སྐལ་གྱི་སྤང་བྱ་སྒོམ་སྤང་གི་ས་བོན་ལ་ཆ་ཤས་རེ་རེ་ནས་གནོད་པར་བྱེད་ཅིང་དྲུངས་འབྱིན་མི་ནུས་པ་དེ། སྒོམ་ལམ་ནས་བསྟན་པའི་སེང་གེ་རྣམ་བསྒྱིངས་ཀྱི་མཚན་ཉིད་དོ། །ཞེས་གསུངས་སོ། །
Domain ཆོས་ལུགས།