2067

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་བརྗོད་པའི་ཆོ་འཕྲུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཆོ་འཕྲུལ་གསུམ་གྱི་ཡ་གྱལ་ཞིག་དང་། ཁྱེད་ཀྱི་སེམས་ནི་འདི་འདྲའོ་ཞེས་ཀུན་བརྗོད་པ་སྟེ་དེ་ནི་གཞན་སེམས་ཤེས་པའི་མངོན་ཤེས་དང་དོན་གཅིག་སྟེ། མཆིམས་མཛོད་ལས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་གསུངས་པ་ལས་མངོན་པར་ཤེས་པ་དྲུག་གི་དང་པོ་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པ་དང༌། གསུམ་པ་སེམས་ཀྱི་རྣམ་གྲངས་ཤེས་པ་དང༌། དྲུག་པ་ཟག་ཟད་ཀྱི་མངོན་ཤེས་རྣམས་ནི་རིམ་པ་བཞིན་དུ་རྫུ་འཕྲུལ་དང་ཁྱོད་ཀྱི་སེམས་ནི་འདི་འདྲའོ་ཞེས་ཀུན་བརྗོད་པ་དང་ལམ་ཡང་དག་པ་ཇི་ལྟ་བ་བཞིན་སྟོན་པས་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམས་ཡིན་ནོ། །ཅིའི་ཕྱིར་ཆོ་འཕྲུལ་ཞེས་བྱ་ཞེ་ན། དང་པོར་གདུལ་བྱ་གཞན་གྱི་ཡིད་འཕྲོག་པར་བྱེད་པའི་ཕྱིར་ཏེ་ཧ་རའི་དོན་ཏོ། ཞེས་དང་། གཉིས་པས་ནི་ཕ་རོལ་ཀྱི་བསམ་པ་ཤེས་ནས་ཆོས་བསྟན་པའི་སྒོ་ནས་ཡིད་འཕྲོག་པར་བྱེད་ལ། ཞེས་གསུངས།
Domain ཆོས་ལུགས།
ཀུན་བརྗོད་པའི་ཆོ་འཕྲུལ་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞིའི་ཡ་གྱལ་ཞིག་སྟེ། མ་འདྲེས་ཡོངས་སུ་རྫོགས་པར་ཀུན་བརྗོད་པའི་ཕྱིར་ཀུན་བརྗོད་པའི་ཆོ་འཕྲུལ་ཞེས་བྱ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། གསང་བའི་ཡི་གེ་སྣ་ཚོགས་ཀྱི་ཕྲེང་བ་ལས། རྫུ་འཕྲུལ་ཆོས་ཀྱི་སྒྲ་དབྱངས་རྒྱ་མཚོ་རྣམ་པར་བསྒྲགས་པས་མཐོང་ཡོད་སྣང་གྲགས་ཀྱི་ཆོས་རྣམས་ཀུན་ཀྱང་གསང་སྔགས་མཚོན་པའི་སྒོར་སྣང་སྟེ་ཟབ་གསང་སྟོན་པའི་སྔགས་སུ་མ་གྱུར་པའི་བརྗོད་པ་གང་ཡང་མེད་པ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་ཏེ། ཞེས་དང་། ཀུན་འདུས་རིག་པ་ལས་ཀྱང་། ཀུན་ནས་ཀུན་ཏུ་བརྗོད་པ་ནི། །གསང་བའི་ཡི་གེའི་ཕྲེང་བ་ལས། །རྫུ་འཕྲུལ་ཆོས་ཀྱི་སྒྲ་སྒྲོགས་པས། །མཐོང་ཡོད་སྣང་གྲགས་ཆོས་རྣམས་ཀུན། །ཀུན་ཀྱང་སྔགས་ཀྱི་སྒྲ་གྲགས་པས། །སྔགས་སུ་མ་གྱུར་གང་ཡང་མེད། །དེས་ན་རྩལ་གྱི་ཁྱད་པར་ལ། །སོགས་པའི་ཡོན་ཏན་ཐམས་ཅད་འབྱུང༌། །ཞེས་གསུངས།