2084
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཞི་པའི་ཤིང་ཁྱི་ཕྱི་ལོ་ ༡༢༡༤ ལོར་ཡབ་གསེར་སྡིངས་པ་གཞོན་ནུ་འོད་དང༌། ཡུམ་འགར་བཙུན་ཤེས་རབ་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་ལོན་པ་ནས་བྱིས་པ་གཞན་དང་མི་འདྲ་བར་སྤྱོད་པ་ཁྱད་དུ་འཕགས་པ། བླ་མ་ཡབ་ཀྱིས་ཆོས་གསུངས་ཚད་ཆད་ལྷག་མེད་པར་ཐུགས་ལ་ཟིན་ནས་ངག་སྐྱོར་གནང། འགྲོ་མགོན་འཕགས་པས་ཆོས་སྐུ་འོད་ཟེར་ཞེས་མཚན་གསོལ། བླ་མ་ཡབ་ལ་བཞུགས་པའི་ཆོས་རྒྱུན་ཐམས་ཅད་ཆ་ཚང་བར་གསན། ཉམས་བཞེས་མཛད་པས་ཐུགས་རྒྱུད་ལ་ཉམས་རྟོགས་འཁྲུངས། མདོ་སྔགས་རིག་གནས་གང་ལ་ཡང་གཟིགས་ཐེངས་རེར་ཐུགས་སུ་ཆུད་པའི་མཁྱེན་རྩལ་འགྲན་ཟླ་བྲལ། འགྲོ་མགོན་འཕགས་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། རྒྱལ་བ་ལོ་རས་པ། རྒ་ལོ་ཙཱ་བ། འཇམ་དབྱངས་གསར་མ་སོགས་བླ་མ་མང་དུ་བསྟེན། མག་དགེ་སྡིང་གི་དགོན་པ་བཏབ། གནས་དེར་མདོ་སྔགས་ཀྱི་ཆོས་མང་དུ་གསུངས། དོན་དགུ་པ་རབ་བྱུང་ལྔ་པའི་ཆུ་འབྲུག་ཕྱི་ལོ་༡༢༩༢ ལོར་སྐུ་གཤེགས། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཚོར་མི་གསལ་ཡང་སོག་པོ་གུ་ཤྲི་བློ་བཟང་ཚེ་འཕེལ་གྱིས་མཛད་པའི་ཧོར་གྱི་ཆོས་འབྱུང་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསལ་བར་བྱེད་པའི་སྒྲོན་མེ་ཞེས་པ་སོག་པོའི་ཤིང་དཔར་ལས། སྐུ་ཚེའི་སྨད་དུ་སོག་པོའི་གོང་མ་ཨོལ་ཇོལ་ཐུས་གདན་དྲངས་པ་ལྟར་སོག་ཡུལ་དུ་ཕེབས་ནས་གོང་མ་དེ་དང༌། དེའི་རྗེས་ཀྱི་ཧེའི་ཧྲན་གཉིས་ཀྱིས་བཀའ་འགྱུར་སོག་སྐད་དུ་བསྒྱུར་དགོས་པའི་བཀའ་ཕབ་པ་ལྟར། ཐོག་མར་འགྲོ་མགོན་འཕགས་པས་གསར་གཏོད་གནང་བའི་སོག་ཡིག་འཁོར་མ་གྲུ་བཞི་དེས་ཆོས་སྐད་སོག་སྐད་དུ་བསྒྱུར་མ་ཐུབ་པར་བརྟེན། ས་སྐྱ་པཎ་ཆེན་གྱིས་གསར་གཏོད་མཛད་པའི་ཡི་གེ་བཞི་བཅུ་ཞེ་གཉིས་ཐོག་སླར་ཡང་མཇུག་མ་ཅན་གྱི་ཡི་གེ་བཅུ་བཞི་དང༌། ཡི་གེ་ཕོ་མོ་ལྔ་བཅུ་ང་དྲུག མ་ནིང་གི་ཡི་གེ་བཅུ་བཞི་དང་ཝ་ཝེ་གཉིས་བཅས་ཕོ་མོའི་དབྱེ་བ་མེད་པའི་ཡི་གེ་བཅུ་དྲུག རྗེས་འཇུག་ཡི་གེ་བཅུ་གཅིག ཡང་འཇུག་དྲུག བྱེད་འབྲེལ་གྱི་ཕྲད་ལ་སོགས་པ་མང་པོ་བསྣན་ནས་བཀའ་འགྱུར་སོག་སྐད་དུ་བསྒྱུར་ཐུབ་པར་མཛད་པ་ཡིན་ཚུལ་རྒྱས་པར་གསུངས་འདུག་ཀྱང༌། དེང་སྐབས་འཚོ་བཞིན་པའི་སོག་རིགས་མཁས་དབང་རྣམས་ཀྱིས་བཤད་ཚུལ་དེ་ཞལ་གྱིས་མི་བཞེས། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི་རབ་བྱུང་ལྔ་པའི་ཆུ་འབྲུག་ཕྱི་ལོ་ ༡༢༩༢ ལོར་སྐུ་གཤེགས་ཟིན། སྐབས་དེར་གོང་མ་ཧུ་པེ་ལི་སེ་ཆེན་ཧན་སྲིད་སྐྱོང་གནང་མུས་ཡིན་པས་དུས་མི་འགྲིག་པའི་སྐྱོན་ཆ་ཞིག་སྣང་། མཁས་དབང་རྣམས་ཀྱིས་ཞིབ་དཔྱད་མཛད་པར་ཞུ། གསུང་རྩོམ་སྐོར་ཡུམ་རྒྱས་འབྲིང་བསྡུས་གསུམ་བསྡོམས་པ་ཙམ་ཡོད་ཚུལ་རྗེ་ཤེས་རབ་རྒྱ་མཚོས་མཛད་པའིདཔེ་རྒྱུན་དཀོན་པ་འགའ་ཞིག་གི་ཐོ་ཡིག་ནང་གསལ། |