2086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་ཕྱི་ལོ་ ༡༧༢༨ ལོར་མདོ་སྨད་སྣང་རའི་གསེར་ཁང་གི་ཉེ་འདབས་སུ་རུས་ལྡོང་རིགས་གཅན་ཚའི་དཔོན་པོ་ངག་དབང་རྣམ་རྒྱལ་དང་། ཡུམ་གནམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་ཏོག་ནོར་བུ་རྒྱལ་མཚན་ལས་དགེ་བསྙེན་དང་། དྲུག་པར་དགེ་ཕྱུག་ཆོས་རྗེ་ལས་རབ་ཏུ་བྱུང་། བདུན་པར་སྐུ་ཞང་དགེ་སློང་བློ་གྲོས་རྒྱ་མཚོ་ནས་ཡི་གེའི་འབྲི་ཀློག་དང་། སུམ་རྟགས། སྔགས་ཀྱི་བཀླགས་ཐབས་སོགས་ལ་མཁས་པར་སྦྱངས། བཅུ་གསུམ་པར་ཁུ་བོ་སྟོང་འཁོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ལས་དགེ་ཚུལ་བསྒྲུབས། བཅུ་དྲུག་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡང་སྲིད་དུ་ངོས་འཛིན་བྱས། བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུས། གསེར་ཁྲིར་མངའ་གསོལ་མཛད། ཉེར་གཉིས་པར་ལྕང་སྐྱ་རོལ་པའི་རྡོ་རྗེ་ལས་བསྙེན་པར་རྫོགས། ཉེར་ལྔ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས། ཀླུ་འབུམ་བློ་བཟང་དར་རྒྱས་དང་། རྒྱལ་དབང་བསྐལ་བཟང་རྒྱ་མཚོ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་བཅས་མཁས་གྲུབ་མང་པོར་བླ་མར་བསྟེན། ཚད་མ་དང་། དབུ་མ། ཕར་ཕྱིན་མཛོད། འདུལ་བ་སོགས་ལ་ལེགས་པར་སྦྱངས། གྲུབ་མཐའ་སོ་སོའི་བླ་མ་དག་ལས་རྒྱུད་སྡེ་བཞིའི་དབང་ལུང་རྗེས་གནང་རྒྱུན་བཞུགས་གང་མཆིས་ལེགས་པར་གསན། སོ་གཉིས་པ་ས་ཡོས་ཕྱི་ལོ་ ༡༧༥༩ ལོར་མདོ་སྨད་དུ་ཕེབས་དུས་སྡེ་པ་གཞུང་ནས་དགེ་ལྡན་བསྟན་པའི་གསལ་བྱེད་པཎྜི་ཏ་ནོ་མོན་ཧན་གྱི་ཆོ་ལོ་དང་ཐམ་ཀ་གནང་། སོ་གསུམ་པར་ཨ་མཆོག་བདེ་མོའི་ཐང་དགའ་ལྡན་ཆོས་འཁོར་གླིང་བཏབ། སོ་བཞི་བར་བཀྲ་ཤིས་འཁྱིལ་དུ་དཔར་བརྐོ་ཐོག་མར་བཙུགས། ལྔ་བཅུ་བར་གོང་མས་གསེར་གྱི་འཇའ་ས་གནང་། ང་བདུན་པར་སླར་དབུས་སུ་ཕེབས། སྔོན་བྱོན་མཁས་པའི་ཕྱག་དཔེ་རྙིང་པ་པོ་ཏི་སུམ་སྟོང་ལྷག་ཙམ་ཕྱག་ཏུ་ཆུད། རེ་བཞི་བ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༧༩༡ ལོར་ཀ་མདོ་གདོང་དམར་དགོན་བཀྲ་ཤིས་ཆོས་སྡེར་གཤེགས། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་ཡིན། སློབ་མ་ནི་མཁན་ཆེན་དགེ་འདུན་རྒྱ་མཆོ། ཀློང་རྡོལ་གྲུབ་དབང༌། རྟ་ཚག་རྗེ་དྲུང༌། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་ཆོས་སྐྱོང༌། ལོ་ཆེན་སྤྲུལ་སྐུ། བྲག་ཡབ་ཆེ་ཚང་ཆུང་ཚང༌། ཐུའུ་བཀྭན་ཆོས་ཀྱི་ཉི་མ། གུང་ཐང་ཁྲི་ཆེན་བསྟན་པའི་སྒྲོན་མེ་སོགས་མང་། གསུང་རྩོམ་ནི་ནང་དོན་རིག་པ་དང་། ཐུན་མོང་རིག་གནས་ཀྱི་སྐོར་བཅས་བསྡོམས་པས་པོ་ཏི་བཅུ་ཕྲག་ལོངས་པ་ཡོད། ཕྱག་དཔེ་པོ་ཏི་ཁྲི་ཕྲག་བརྒལ་བ་གསར་དུ་བསྒྲིལ་མཛད། མཚན་གཞན། བླ་སྒོ། ངག་དབང་འཇམ་དབྱངས་འཕྲིན་རྒྱལ་མཚན།

{{#arraymap:ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོ་

|; |@@@ | | }}