2089
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༧༩༢ ལོར་རེབ་གོང་གཉན་ཐོག་ཏུ་ཡབ་ཀླུ་འབུམ་རིན་ཆེན་རྒྱ་མཚོ་དང་། ཡུམ་མཁར་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་རྒྱལ་དབང་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་སོགས་ཀྱིས་ལྷ་སའི་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་གཙོ་ཁག་གི་སྤྱན་སྔར། མཚན་བྱང་དཀྲུགས་ཏེ་ཀུན་མཁྱེན་སྐུ་ཕྲེང་གཉིས་པའི་ཡང་སྲིད་དུ་ངོས་བཟུང་། ས་རྟ་ཕྱི་ལོ་ ༡༧༩༨ ལོའི་ཧོར་ཟླ་དང་པོའི་ཚེས་བཅུའི་ཉིན་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲིར་མངའ་གསོལ་མཛད། ལོ་དེར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་ལས་རབ་ཏུ་བྱུང་། མཚན་ལ་བློ་བཟང་ཐུབ་བསྟན་འཇིགས་མེད་ཉི་མ་ཞེས་གསོལ། ལྷ་རམས་པ་བློ་བཟང་བསྟན་འཛིན་སློབ་དཔོན་དུ་བསྟེན། ཡི་གེའི་འབྲི་ཀློག་སྦྱོར་གསུམ་ལེགས་པར་སྦྱངས། བཅུ་གསུམ་པར་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། བཅོ་བརྒྱད་པར་དབུས་ཕྱོགས་སུ་ཕེབས། ཇོ་ཤཱཀ་རྣམ་གཉིས་དང་རྒྱལ་དབང་བཅས་ལ་དངོས་འབུལ་རྒྱ་ཆེར་གནང་། གཙང་ལ་བྱོན་ནས་པཎ་ཆེན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་དང་མཇལ། ཚེ་དབང་སོགས་གསན་ཅིང་འབུལ་ནོམ་རྒྱ་ཆེན་ཕུལ། དགེ་འདུན་ཡོངས་ལ་མང་འགྱེད་གནང་། གཙང་ནས་ཕྱིར་ཕེབས་ཏེ་གདན་ས་ཆེན་པོ་གསུམ་གྱི་དགེ་འདུན་མང་ཚོགས་ལ་མང་འགྱེད་དང་ཐུགས་སྨོན་གྱི་མཚམས་སྦྱོར་མཛད། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས། ཀླུ་འབུམ་ངག་དབང་ཚུལ་ཁྲིམས་དང་སྒོ་མེ་བློ་བཟང་ཆོས་འཛིན་གཉིས་ཡོངས་འཛིན་དུ་བསྟེན། ཉི་ཤུ་་པ་ཆུ་སྤྲེལ་ཕྱི་ལོ་ ༡༨༡༢ ལོར་བཀྲ་ཤིས་ལྷུན་པོར་ཕེབས་ནས་པཎ་ཆེན་ལས་བསྙེན་པར་རྫོགས། མཚན་ལ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ཞེས་གསོལ། གོང་ས་རྒྱལ་བའི་དབང་པོས་དབུ་གདུགས་རྟ་དར་འབོབ་ལྕག་སོགས་མཁན་ཆས་ཀྱི་གཟེངས་བསྟོད་མཛད། ཆུ་བྱ་ཕྱི་ལོ་ ༡༨༡༣ ལོའི་ཧོར་ཟླ་ལྔ་པའི་ཚེས་༡༣ཉིན་མདོ་སྨད་དུ་ཕེབས་ཏེ། ལྷོ་རྒྱུད་རྒྱལ་མོ་རོང་ནས་ཅོ་ནེ་ཡན་ཆད་དང་། བྱང་རྒྱུད་མཚོ་སོ་ལོ་མ་ནས་ཟི་ཁྲོན་བར་གྱི་ཡུལ་གྲུ་ཕལ་ཆེར་ཞབས་ཀྱིས་བཅགས། གདན་སར་སྒྲོལ་ལྗང་གི་སྐུ་བརྙན་ལི་མ་ཁྲུ་ཚད་ལོངས་པ་སྟོང་དུ་ཉེ་བར་གསརདུ་བཞེངས། དགོན་ལུང་དང་སྐུ་འབུམ། བྱ་ཁྱུང་དང་ཆུ་བཟང་སོགས་ནས་གདན་ཞུས་ལྟར་ཕེབས་ཏེ། མཁས་མང་འདུས་པའི་ཚོགས་ལ་ལམ་རིམ་དང་དྲང་ངེས་བཅས་སྩལ། གོང་མས་བསྟན་པ་འཛིན་སྐྱོང་བྱེད་པའི་ས་མ་ཏི་པཀྵིའི་ཐམ་ག་དང་གསེར་ལུང་གིས་གཟིངས་བསྟོད་མཛད། རེ་བཞི་པ་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོར་གུང་ཐང་རིན་པོ་ཆེ་ཚོགས་ཆེན་ཁྲིར་བསྐོས། རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོར་སྐུ་གཤེགས། ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ཡིན། མཚན་གཞན། བློ་བཟང་ཐུབ་བསྟན་འཇིགས་མེད་ཉི་མ། |