2090

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་མདོ་ཁམས་སྒང་དྲུག་གི་ནང་ཚན་སྤོ་འབོར་སྒང་གི་སའི་ཆ་ལི་ཐང་གྲོང་ཚོ་བརྒྱད་ཀྱི་ནང་མཚེ་མ་གྲོང་དུ་ཡབ་མེས་ཀྱི་རུས་ནི། དགའ་ལ་གཏོགས་པའི་ཡབ་མགོན་པོ་དོན་གྲུབ་དང་། ཡུམ་གུ་རུ་ལྷ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་པར་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ཀུན་མཁྱེན་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་བཟུང་། མཚན་ལ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཞེས་གསོལ། ལྔ་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས། ཆོས་ཀྱི་ཁྲི་ལ་མངའ་གསོལ། དྲུག་པར་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལས་དགེ་བསྙེན་དང་རབ་བྱུང་གི་ཚུལ་ཁྲིམས་བཞེས། དབང་རྗེས་བཤད་ཁྲིད་ཀྱི་མན་ངག་མང་དུ་གསན། གྲགས་པ་རྒྱ་མཚོ་སློབ་དཔོན་དུ་བསྟེན། ཡི་གེའི་འབྲི་ཀློག་སྦྱངས། བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། བཅུ་གསུམ་པར་རྒྱུད་སྟོད་གྲྭ་ཚང་གསར་འཛུགས་དང་། བཅའ་ཡིག་བཀའ་རྩོམ་མཛད། ཡོངས་འཛིན་གཙོས་པའི་རིགས་སྨྲ་མཚན་ཞབས་པ་བརྒྱད་དང་བཅས་མཚན་ཉིད་གསན་སྦྱོང་གི་དབུ་བཙུགས། ཉེར་གཉིས་བར་ལོ་བཅུའི་རིང་བཀའ་པོད་ལྔ་ལ་གསན་སྦྱོང་གནང་། བཅོ་བརྒྱད་པ་ཕྱི་ལོ་ ༡༩༣༣ ལོར་གོ་མིན་ཏང་སྲིད་གཞུང་གིས་རྒྱལ་ཁབ་ཕན་ལྡན་རྒྱལ་བསྟན་སྤེལ་མཛད་བཙུན་པ་འཇམ་དབྱངས་བཞད་པ་ཧུ་ཐོག་ཐུའི་གསེར་ཐམ་ཕུལ། ཉེར་གཅིག་པར་པཎ་ཆེན་རིན་པོ་ཆེ་བླ་བྲང་དུ་ཕེབས་པ་དང་བསྟུན་བསྙེན་པར་རྫོགས། དཔལ་དུས་ཀྱི་འཁོར་ལོའི་དབང་ཡང་གསན། ཉེར་གཉིས་བཞེས་པ་མེ་གླང་ཕྱི་ལོ་ ༡༩༣༧ ལོའི་ཧོར་ཟླ་ལྔ་པའི་ཚེས་ལྔ་ལ་དབུས་གཙང་དུ་ཕེབས། ཧོར་ཟླ་བཅུ་པ་རྗེས་མའི་ཚེས་དགུར་བོད་གཞུང་དང༌། རྒྱལ་ཚབ་རྭ་སྒྲེང་བླ་བྲང༌། འབྲས་བླ་སྤྱི། སྒོ་མང་གྲྭ་ཚང༌། ཧ་གདོང་ཁམས་ཚན། དབལ་ཤུལ་མི་ཚན། སེ་ར་བྱེ་གཞུང་བཅས་ཀྱི་ཐབ་བསུ། གཞུང་ས་ནས་རྩེ་ཤོད་ལས་ཚན། འབྲས་སྤུངས་མཁན་པོ་ཁག་སོགས་ཆིབས་བསུ་དང་བཅས་ལྷ་ལྡན་དུ་ཕྱག་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། ཁང་སར་སྤྲུལ་སྐུ་ཡོངས་འཛིན་དུ་བསྟེན། ཤེར་ཕྱིན་ལ་ཐོས་བསམ་གནད་དུ་སྨིན་པ་མཛོད། ཉེར་ལྔ་བར་མདོ་སྨད་དུ་ཕེབས། རིག་གནས་འཆད་སྤེལ་བྱེད་སའི་སློབ་གྲྭ་འཛུགས་གཉེར་དང་། གདན་ས་རང་དུ་ཟློས་གར་འཁྲབ་སྟོན་བྱེད་པའི་སྲོལ་གནང་བ་སོགས་བོད་ཁུལ་གྱི་རིག་གནས་སློབ་གསོ་འཕེལ་རྒྱས་སུ་འགྲོ་བར་ཐུགས་རྗེས་བསྐྱངས། རབ་བྱུང་བཅུ་དྲུག་པའི་མེ་ཕག་ཕྱི་ལོ་ ༡༩༤༧ ལོར་སྐུ་གཤེགས། ཀུན་མཁྱེན་སྐུ་ཕྲེང་ལྔ་པ་ཡིན། གདུང་མཆོད་དུ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། མཁན་ཆུང་ཐུབ་བསྟན་བཟང་པོ་བཅས་ཕེབས། དངུལ་སྲང་ཁྲི་ཕྲག་གཉིས་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་བཞེངས།

{{#arraymap:ཀུན་མཁྱེན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་

|; |@@@ | | }}