2092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་མཚོ་སྣ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ལྕཊ་ཁྱི་ཕྱི་ལོ་ ༡༣༡༠ ལོ་ཡས་མས་སུ་ལྷོ་ཁ་མཚོ་སྣ་ཁུལ་དུ་སྐུ་བལྟམས། ཆུང་དུས་སྣར་ཐང་གྲོང་ལྡིང་དཔོན་གྱི་སར་བ་རྫིར་བཞུགས། ཐུགས་རྒྱུད་བཟང་ཞིང་བློ་རིག་བཀྲ་བ། རྡོ་དཀར་གོང་འདམ་པ་ལྟར་བརྫིས་ནས་སྒམ་ཆུང་དང་རླུང་ཐབ་ཀྱི་དབྱིབས་ལྟ་བུར་བཅོས་པ་སོགས་ཐུན་མོང་མ་ཡིན་པའི་མཛད་པ་སྣ་ཚོགས་སྤེལ། སྐབས་དེའི་མཚམས་ལྡིང་དཔོན་གྱིས་ཆོས་རྒྱགས་འབུལ་རྒྱུའི་ཞལ་བཞེས་ཏེ། རྗེ་ཉིད་དགུང་ལོ་བརྒྱད་པར་གཉལ་བྲག་གོ་དགོན་པར་ཆོས་ལ་ཞུགས་པར་ཕེབས། ཟངས་ཆེན་དར་མ་བསོད་ནམས་ལས་དབུ་སྐྲ་གཙུག་ཕུད་བཞེས། མཚན་ལ་ཤེས་རབ་བཟང་པོར་གསོལ། ཡི་གེ་འབྲི་ཀློག་ལ་སྦྱངས། ཟངས་ཆེན་པ་ལས་བཀའ་གདམས་གཞུང་དྲུག་དང་། འདུལ་བ་ལུང་སྡེ་བཞི་བཅས་ལ་མཁས་པར་སྦྱངས། དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། ཡང་ཟངས་ཆེན་པ་ལས་བྱང་ཆུབ་ལམ་རིམ་གསན་ནས་ཉམས་སུ་བླངས་ཏེ་གདེང་ཐོབ་པར་མཛད། ཟངས་ཆེན་དགོན་གྱི་གདན་སའི་ཁྲི་ལ་བཞུགས། གཙོ་བོར་འདུལ་བའི་འཆད་ཉན་ལེགས་པར་བསྐྱངས། ཉེར་གཅིག་ནས་དབུ་བརྩམས་ཏེ་འདུལ་བ་མདོ་རྩ་བའི་འགྲེལ་པ་ལེགས་བཤད་ཉི་མའི་འོད་ཟེར་པོད་ཆེ་བ་སྟོད་སྨད་གཉིས་དང་། མདོ་རྩ་བའི་མཆན་འགྲེལ་པོད་གཅིག་བརྩམས། བྲག་གོར་འདུ་ཁང་ཀ་བ་བརྒྱད་ཙམ་གྱི་རྟེན་དང་བརྟེན་པ་བཅས་དགེ་འདུན་གྱི་སྡེ་དགོན་གསར་འཛུགས་གནང་། མདོ་སྔགས་ཀྱི་ཆོས་མང་དུ་གསུངས། བཤད་སྒྲུབ་ཀྱི་བསྟན་པ་གསལ་བར་མཛད། ཕྱིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྗེ་ཤེས་རབ་བཟང་པོའི་འདུལ་བ་མཚོ་ཊཱིཀ་དང་། མདོ་རྩ་མཆན་འགྲེལ་ཤིང་པར་ལ་བརྐོས་གནང་མཛད་པ་དང་། གདན་ས་སེར་འབྲས་དགའ་གསུམ་གྱི་གཞུང་ཆེན་པོད་ལྔར་སློབ་གཉེར་བྱེད་མཁན་ཚོར་འགྲེལ་པ་འདི་ཉིད་རྩ་འཛིན་དགོས་པའི་བཀའ་བཞིན་ཉམས་ལེན་རྒྱུན་འཇགས་བྱུང་། འདུལ་བ་མཚོ་ཊཱིཀ་ས་དགེ་རྙིང་ཡོངས་རྫོགས་ཀྱིས་ཆ་འཇོག་ཚད་འཛིན་གནང་། རྗེ་འདི་ཉིད་དགུང་ལོ་བཞི་བཅུའི་ནང་སྐུ་གཤེགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉི་ཤུ་པ་ཡིན། སློབ་མའི་མཆོག་མོན་གྲ་བ་ཚུལ་ཁྲིམས་བཀྲ་ཤིས་ཡིན། གསུང་རྩོམ་ནི་འདུལ་བ་མདོ་རྩའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་དང་། མདོ་རྩའི་མཆན་འགྲེལ། ལམ་རིམ་བསྡུས་དོན་བཅས་བཞུགས། མཚན་གཞན་ལ་ཤེས་རབ་བཟང་པོའང་གསོལ།

{{#arraymap:ཀུན་མཁྱེན་མཚོ་སྣ་བ་

|; |@@@ | | }}