2094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༧༩༢ ལོར། མདོ་སྨད་ལྷོ་རྒྱུད་རྩེ་ཁོག་རོང་བོར་ཡབ་ཀླུ་འབུམ་རིན་ཆེན་རྒྱ་མཚོ་དང་ཡུམ་མཁར་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཕོ་བྲང་ཆེན་པོ་པོ་ཏ་ལའི་གཟིམ་ཆུང་ཨེ་ཝཾ་དུ་རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་དང། སྲིད་སྐྱོང་རྟ་ཚག་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་མི་དྲག་ཆེ་རྒུའི་དབུས་སུ་གསེར་བུམ་དཀྲུགས་འདོན་གྱིས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང། དགུང་ལོ་བརྒྱད་བཞེས་པའི་ཚེ་གོང་མའི་གདན་ས་བཀྲ་ཤིས་འཁྱིལ་དུ་ཞབས་སོར་བཀོད། ཐུའུ་བཀྭན་རིན་པོ་ཆེ་ལས་བར་མ་རབ་བྱུང་གི་རྒྱལ་མཚན་ཡང་དག་པར་བཞེས། སྐབས་དེ་ཙམ་ན། བྱང་ཆུབ་ལམ་གྱི་རིགས་དག་དང། །བྱང་ཆུབ་སེམས་དཔའ་གུས་པ་དང། །བླ་ན་མེད་པའི་བྱང་ཆུབ་དང། །མི་འཁྲུགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་པའི་བཀའ་རྩོམ་ཐོགས་མེད་དུ་བསྩལ། དགུང་གྲངས་བཅུ་བཞི་བར་གུང་ཐང་བསྟན་པའི་སྒྲོན་མེའི་མདུན་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་གསན་བསམ་སློབ་གཉེར་མཛད། པཎ་ཆེན་བསྟན་པའི་ཉི་མའི་ཞལ་སྔ་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་སླར་ཡང་མདོ་སྨད་དུ་ཕེབས། ༸གོང་ས་རྒྱལ་བའི་དབང་པོས་དབུ་གདུགས་རྟ་དར་སོགས་མཁན་ཆོས་གཟེངས་བསྟོད་བསྩལ་བ་དང། མན་ཇུ་གོང་མ་ཏོའུ་བཀྭང་གིས་ས་མ་ཏི་པཀྵིའི་ཐམ་ཀ་དང་ཆོ་ལོ་ཕུལ། གདན་ས་བཀྲ་ཤིས་འཁྱིལ་གཙོས་མདོ་སྨད་ཡུལ་གྱི་དགོན་སྡེ་ཕལ་མོ་ཆེ་ཆོས་ཀྱིས་བསྐྱངས། ཚུལ་ཁྲིམས་ཤིན་ཏུ་གཙང་བའི་བསྔགས་པ་ཆེ། སྔ་ཕྱིར་ཐུའུ་བཀྭན་ཆོས་ཀྱི་ཉི་མ་དང། གུང་ཐང་འཇམ་པའི་དབྱངས། རྒྱལ་བ་ལུང་རྟོགས་རྒྱ་མཚོ་སོགས་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན། དགུང་ལོ་རེ་བཞི་བཞེས་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས་ཕྱི་ལོ་ ༡༨༥༥ ལོར་གསེར་ཁྲི་རྣམ་གཉིས་ལ་ཞལ་ཆེམས་ཡི་གེ་དང་བཅས་པ་གནང་སྟེ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། གསུང་རྩོམ་པོད་གཅིག་བཞུགས།