2099
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ས་བྱི་ཕྱི་ལོ་ ༡༦༤༨ ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ཉིན་རྒན་གྱར་ཡབ་དཔའ་འབུམ་རྒྱལ་དང་། ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་བལྟམས། དགུང་ལོ་བཅུ་གསུམ་པར་འདུལ་འཛིན་ཡེ་ཤེས་རྒྱ་མཚོའི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་བཞེས། ཉེར་གཅིག་པར་དབུས་གཙང་དུ་ཆིབས་བསྒྱུར་མཛད། ཇོ་བོ་ཤཱཀྱ་མུ་ནེ་དང་འཇམ་དབྱངས་གྱང་ཐིམ་མ་གཉིས་ཀྱིས་སྙན་དར་ཕྱག་གིས་བཞེས། ཞལ་འཛུམ་པའི་གཟིགས་སྣང་བྱུང༌། དགུ་པའི་ཉེར་ལྔ་ཉིན་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས། ཉེར་དགུ་བར་ལྕང་སྐྱ་ངག་དབང་ཆོས་ལྡན་སོགས་བསྟེན། བཀའ་པོད་ལྔ་དང་བཅས་པར་དཔེ་གཟིགས་དོགས་གཅོད་སོགས་ཀྱིས་འདས། ཉེར་བདུན་ཐོག་ཀུན་གཟིགས་ལྔ་པ་ཆེན་པོའི་སྤྱན་སྔར་བསྙེན་རྫོགས་བཞེས། ཉེར་དགུ་ལོར་རྒྱུད་སྨད་གྲྭ་ཚང་དུ་ཞུགས། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་སོགས་བླ་མ་མང་པོ་བསྟེན། བདེ་གསང་འཇིགས་གསུམ་སོགས་བཀའ་དབང་དང་། རིན་འབྱུང་བརྒྱ་རྩ་སོགས་རྗེས་གནང་། ལམ་རིམ་ཆེ་ཆུང་བསྐྱེད་རྫོགས་བཅས་མདོ་སྔགས་ཀྱི་བཤད་ཁྲིད་སོགས་རྒྱ་བོད་ཀྱི་གཞུང་མང་པོ་བཀླགས། ཚེ་འདིའི་འཁྲི་བ་སྤངས་ཏེ་སྒྲུབ་ལ་གཞོལ་བར་ཐུགས་ལ་བཅགས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མངའ་རིས་མཐོ་ལྡིང་ངམ་དགའ་ལྡན་གྱི་གསེར་ཁྲི་མཛད་དགོས་ཚུལ་དང༌། སྒོ་མང་དང་རྒྱུད་ཀྱི་མཁན་པོའི་འོས་བབས་ཕུལ་བ་རྣམས་ཀྱང་ཞལ་བཞེས་མ་གནང་། དགུང་ལོ་སོ་གསུམ་ནས་ང་གསུམ་བར་ལོ་ངོ་ཉི་ཤུར་རི་བོ་དགེ་འཕེལ་དུ་ཐུགས་དམ་ཉམས་བཞེས་ཀྱིས་གདུལ་བྱ་མཐའ་ཡས་པར་དབང་ལུང་མན་ངག་བཤད་ཁྲིད་ཀྱི་གདམས་པ་སྩལ། ང་གསུམ་པ་ལྕགས་འབྲུག་ཕྱི་ལོ་ ༡༧༠༠ ལོར་སྒོ་མང་གྲྭ་ཚང་ནས་གཞུང་ལ་ནན་ཆེར་ཞུས་པ་ལྟར། རྒྱལ་མཆོག་ནས་བཀའ་ནན་ཕེབས་པས་སྒོ་མང་བླ་མ་ཅིས་ཀྱང་མཛད་དགོས་བྱུང༌། དྲུག་ཅུ་པ་མེ་ཕག་ཕྱི་ལོ་ ༡༧༠༧ ལོར་ལྷ་བཟང་ཧན་གྱིས་ཕ་བོང་ཁའི་གདན་ས་ཕུལ། སྐབས་དེར་ཨེ་རྟི་ནི་ཇུ་ནང་གིས་དགོན་གསར་འདེབས་ཆེད་མདོ་སྨད་དུ་གདན་དྲངས། ས་གླང་ཕྱི་ལོ་ ༡༧༠༢ ལོའི་བོད་ཟླ་དྲུག་པར་ཆིབས་ཁ་བསྒྱུར། དཔོན་ཚང་གཙོས་དད་ལྡན་གྱི་སྐྱེ་བོ་འདུས། ཟང་ཟིང་གི་འབུལ་བ་མང་པོ་བྱུང༌། ལྕགས་སྟག་ཕྱི་ལོ་ ༡༧༡༠ ལོའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔར་སྔ་དྲོ་གསོ་སྦྱོང་མཛད། དགེ་འདུན་བརྒྱ་ཕྲག་ལྷག་ལ་ལམ་རིམ་གྱི་དབུ་ནས་གསུང་ཆོས་མདོར་བསྡུས་ཤིག་སྩལ། སྐུ་ཞབས་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ནས་སྒོ་མང་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་མཚན་དང་། དབུ་གདུགས་ཐམ་ག་སོགས་བཀའ་ཡིས་གཟེངས་བསྟོད་མཛད་པ་འབྱོར། དགོན་ལུང་དུ་ཕེབས་ནས་རྒྱུད་གྲྭ་གསར་འཛུགས་མཛད། ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོའི་བོད་ཟླ་དྲུག་པའི་ཚེས་ཉེར་དགུར་གོང་མ་ཁང་ཤིས་བསྟན་པ་འཛིན་ཅིང་སྐྱོང་བར་བྱེད་པའི་པཎྜི་ཏ་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་དང༌། གསེར་ཐམ། གསེར་ཡིག་སོགས་ཀྱི་གཟེངས་བསྟོད་གནང་བ་འབྱོར། དོན་བཞི་པ་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོའི་བོད་ཟླ་གཉིས་པའི་ཚེས་ལྔའི་ཉིན་འདས། གསུང་རྩོམ་ལ་དྲང་ངེས་ཆེན་མོ་དང་། བསམ་གཟུགས་ཆེན་མོ། དབུ་མ་ཆེན་མོ། གྲུབ་མཐའ་ཆེན་མོ་རྩ་འགྲེལ། འཇིགས་བྱེད་ཆོས་འབྱུང་སོགས་གསུང་རྩོམ་པོད་བཅོ་ལྔ་བཞུགས། མཚན་གཞན། དབལ་ཤུལ་ངག་དབང་བརྩོན་འགྲུས། |