2102

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་མཁྱེན་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་ (1)
Part of speech མིང་ཚིག
Definition ཁོང་ནི། ཡབ་རྗེ་བློ་གྲོས་ཆོས་འཕེལ་དང་། ཡུམ་བསོད་ནམས་བཟང་མོ་ཟུང་ལ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ ༡༧༠༠ ལོར་སྐུ་བལྟམས། མཚན་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་པོར་གསོལ། རྗེ་ནམ་མཁའ་རྡོ་རྗེའི་སྤྲུལ་པར་གྲགས་ཤིང། སྐྱེས་མཆོག་འབའ་ར་བ་དང་གཉིས་སུ་མེད་པར་དམ་པ་དུ་མས་བསྔགས། རྒྱ་ཡིག་ལྷ་བྲིས་སོགས་ལ་གསན་སྦྱང་ཆེར་མ་དགོས་པར་མཁས་པར་གྱུར། དགུང་ལོ་བརྒྱད་པ་ལ་ཡབ་རྗེ་ལས་སྐྱབས་འགྲོའི་སྡོམ་པ་ཞུས། འབར་ཆོས་ཐར་གྲུ་སྐོར་གསུམ་གྱིས་མཚོན་པའི་མདོ་སྔགས་གསར་རྙིང་རིས་མེད་ཀྱི་དབང་ཁྲིད་ལུང་རྒྱུན་གང་བཞུགས་རིམ་བཞིན་གསན། རྗེ་ཁམ་ལུང་པ་པདྨ་རིག་འཛིན་དབང་ལས་རྙིང་ཆོས་མང་དུ་གསན། མཁན་ཆེན་འཇམ་དབྱངས་བཀྲ་ཤིས་རྒྱ་མཚོའི་དྲུང་དུ། དགེ་ཚུལ་སློང་བསྒྲུབས། གདན་ས་འཇམ་དཔལ་གླིང་པའི་ཁྲིར་མངའ་གསོལ། ཀཿ ཐོག་རིག་འཛིན་ཆེན་པོ་དང་ཕར་ཚུར་དབང་ལུང་ཁྲིད་སོགས་ཕུལ་གནང་མཛད། སྤྱིར་བླ་མ་ཉི་ཤུ་རྩ་ལྔ་ཙམ་ལས། ཐུན་མིན་བླ་མ་ནི་ཡབ་རྗེ་དང་། ཀཿ ཐོག་རིག་འཛིན་ཆེན་པོ་གཉིས་ཡིན། གཙང་ནས་མི་དབང་ཕོ་ལྷས་བཀའ་བཞིན། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ཞིག་གསོས་མཛད་པ་ལེགས་པར་གྲུབ། ཕྱིས་སྐྱིད་གྲོང་རང་བྱོན་འཕགས་པའི་གཙུག་ལག་ཁང་ཡང་ཉམས་གསོ་གནང་། གྲྭ་སློབ་རིམ་པར་འདུས་ནས་འཆད་ཉན་གྱིས་འབའ་བསྟན་པ་དར་བསྟན་རྒྱས་སུ་མཛད། འབའ་རའི་བཀའ་འབུམ་སོགས་རྟེན་གསུམ་གསར་བཞེངས་གནང། ལེགས་བཤད་ཀྱི་གསུང་རྩོམ་ཡང་མང་དུ་མཛད། མཁས་གྲུབ་ཀྱི་ཆེ་བའི་ཡོན་ཏན་དང་འཁོར་ལོ་གསུམ་གྱི་མཛད་པར། མང་ཡུལ་གྱི་ལྗོངས་འདིར་འདི་འདྲ་བ་སྔོན་ཆད་རེ་ཟུང་ལས་མ་བྱོན་པར་གྲགས། རེ་གཅིག་ལྕགས་འབྲུག་ ༡༧༦༠ ལོའི་རྒྱལ་ཟླའི་ཚེས་ཉེར་བདུན་ལ་སྐུ་གཤེགས། ཞལ་སློབ་ནི། གཅུང་ཆོས་གྲགས་རྒྱ་མཚོ། བྱ་བཏང་ཀརྨ་དཔལ་ལྡན། དབོན་ཤེས་རབ་འབྱུང་གནས། སྨན་སྒོམ་ཀུན་དགའ་དཔལ་ལྡན། ཨ་ཝ་དྷཱུ་ཏཱི་པ་ནམ་མཁའ་བསམ་གཏན། གྲུབ་དབང་ཕྲིན་ལས་དཔལ་བཟང་། སྤྲུལ་སྐུ་བསྟན་འཛིན་ཉི་ཟླ། གྲུབ་ཆེན་ནམ་མཁའ་བདེ་མཆོག དབོན་པོ་ཡེ་ཤེས་རྒྱལ་མཚན། ཀོང་པོ་གྲུབ་སྨྱོན་གང་ཤར་རང་གྲོལ། བྱ་བཏང་འགྱུར་མེད་ཆོས་གྲགས། ཀུ་ཐང་བླ་མ་པདྨ་དབང་འདུས། གྲུམ་པ་སྤྲུལ་སྐུ་སྔ་ཕྱི་རྣམ་གཉིས། པ་རྣམ་ཁམས་བྲག་སྤྲུལ་སྐུ། བྱ་རྒོད་ཨ་ལ་ཕུག་བླ་པདྨ་རྣམ་རྒྱལ། དགའ་ཚལ་སྤྲུལ་སྐུ་ཀུན་བཟང་། ཁམས་པ་དཔལ་ལྡན། མཁར་ཁ་སྔགས་འཆང་རིག་འཛིན་ཕྲིན་ལས་རྣམ་རྒྱལ། ངག་དབང་ཆོས་དར། རབ་འབྱམས་པ་ཆོས་འབྱོར། བློ་གྲོས་རྒྱལ་མཚན་སོགས་དང་། མི་དབང་ལྕམ་སྲིང་མ་རྗེ་བཙུན་འགྱུར་མེད་ཆོས་འཛིན། དཀར་ཡེའི་རྗེ་བཙུན་མ་མཆེད་གཉིས། གྲོང་གསར་རྗེ་བཙུན་མ་མཆེད་གཉིས། བསམ་གཏན་རྗེ་བཙུན་ངག་དབང་ཆོས་སྐྱིད། བློ་བཟང་སྒྲོལ་མ། ཁྱུང་རྩེ་རྗེ་བཙུན་མ་ཚུལ་ཁྲིམས་དཔལ་མོ། ཡེ་ཤེས་ཆོས་འཛོམས། ཀུན་དགའ་ཆོས་འཛོམས། ཁམས་བྲག་རིག་འཛིན་ཆོས་སྒྲོན། རྗེ་བཙུན་མ་ཀརྨ་ཆོས་འཛོམས། བསམ་གྲུབ་དཔལ་མོ། རབ་བྱུང་མ་ཡེ་ཤེས་ཆོས་འཛོམས། སྒྲུབ་པ་མོ་ཡེ་ཤེས་ཆོས་འཛོམས་ལ་སོགས་དང་། མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་སོགས་མང་པོ་བྱུང་ངོ་། །

{{#arraymap:ཀུན་མཁྱེན་ཨོ་རྒྱན་ངག་དབང་ཡེ་ཤེས་དཔལ་བཟང་

|; |@@@ | | }}