21086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་མའི་ཆ་མཐུན་ལྔ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཐ་མའི་ཆ་འདོད་ཁམས་དང་མཐུན་པའི་ཀུན་སྦྱོར་རྣམ་པ་ལྔ་གསུངས་ཏེ། འཇིག་ལྟ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་སོ། །ཇི་ལྟར་མཐུན་ཞེ་ན། ཕྱི་མ་གཉིས་ཀྱིས་འདོད་ཁམས་ལས་མི་འདའ་ལ། སྔ་མ་གསུམ་པོ་ཡིས་ནི་འདས་ཀྱང་ཕྱིར་བཟློག་པར་བྱེད་པའོ། །སེམས་ཙམ་པ་ནི་སྔ་མ་གསུམ་གྱིས་སེམས་ཅན་གྱི་ཐ་མ་སོ་སྐྱེ་དང་། ཕྱི་མ་གཉིས་ནི་ཁམས་ཐ་མ་འདོད་ཁམས་ལས་མི་འདས་བས་སོ་ཞེའོ། །ཞེས་དང། པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས། ཐ་མའི་ཆ་མཐུན་ལྔ་ནི་འཇིག་ལྟ། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན། ཐེ་ཚོམ། འདོད་པ་ལ་འདུན་པ། གནོད་སེམས་དང་ལྔ་པོ་འདི་ཡིན་ཏེ། འདོད་པའི་ཁམས་ནི་གཅིག་ཏུ་མཉམ་པར་མ་བཞག་པས་ཁམས་གསུམ་གྱི་ནང་ནས་མཐའ་མའམ་དམན་པ་ཡིན་ཞིང་། ལྔ་པོ་འདིས་འདོད་ཁམས་ལས་འདའ་བའི་གེགས་བྱེད་པས་དེའི་ཆ་དང་མཐུན་པར་བཞག་པའི་ཕྱིར་ཏེ། ཕྱི་མ་གཉིས་ཀྱིས་འདོད་ཁམས་ལས་དང་པོར་འདའ་བའི་གེགས་བྱེད་ལ། སྔ་མ་གསུམ་གྱི་ལན་ཅིག་འདས་ཀྱང་སླར་ལྡོག་པའི་རྒྱུ་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཐ་མའི་ཆ་མཐུན་ལྔ་

|; |@@@ | | }}

ཐ་མའི་ཆ་མཐུན་ལྔ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཐ་མའི་ཐ་མཐུན་ལྔ་ནི། མཐོང་སྤངས་ཀུན་སྦྱོར་གསུམ། འདོད་པ་ལ་འདུན་པ། གནོད་སེམས་རྣམས་ཡིན་ལ། དང་པོ་གསུམ་གྱིས་རང་རྒྱུད་ལྡན་གྱི་གང་ཟག ། འགྲོ་བ་ཐ་མ་སོ་སྐྱེ་ལ་ཀུན་ཏུ་སྦྱོར། ཕྱི་མ་གཉིས་ཀྱིས་རང་རྒྱུད་ལྡན་གྱི་གང་ཟག་ཁམས་ཐ་མ་འདོད་པའི་ཁམས་ལ་ཀུན་ཏུ་སྦྱོར་བའི་ཀུན་སྦྱོར་ཞེས་བྱའོ། །

{{#arraymap:ཐ་མའི་ཆ་མཐུན་ལྔ་

|; |@@@ | | }}

ཐ་མའི་ཆ་མཐུན་ལྔ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཐ་མའི་ཆ་མཐུན་ལྔ་པོ་ངོས་འཛིན་ཡོད་དེ། མཐོང་སྤང་ཀུན་སྦྱོར་གསུམ་གྱི་སྟེང་དུ་འདོད་པ་ལ་འདུན་པའི་ཉོན་མོངས་དང་། གནོད་སེམས་བསྣན་པས་ལྔ་པོ་དེ་འཇོག་པའི་ཕྱིར། མཐོང་སྤང་ཀུན་སྦྱོར་གསུམ་ནི། འཇིག་ལྟ་ཀུན་བརྟགས། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ། ཐེ་ཚོམ་ཉོན་མོངས་ཅན་རྣམས་ཡིན་ནོ། དེ་གསུམ་སྤངས་པའི་ཆ་ནས་རྒྱུན་ཞུགས་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་གསུམ་རྒྱུན་ཞུགས་ཞུགས་པའི་ངོ་སྐལ་གྱི་སྤང་བྱ་ཡིན་ཅིང་། རྒྱུན་ཞུགས་ཀྱིས་དེ་གསུམ་སྤང་བྱའི་གཙོ་བོར་བྱས་ནས་སྤངས་པའི་ཆ་ནས་ཡིན་པའི་ཕྱིར། དེ་ལྔའི་བྱེད་ལས་ཡོད་དེ། ཉོན་མོངས་ཐ་མ་གཉིས་ཀྱིས་རང་རྒྱུད་ལྡན་གྱི་གང་ཟག་འདོད་ཁམས་ལས་མི་འདའ་བར་བྱེད། དང་པོ་གསུམ་པོ་ཡིས་ནི་ལན་ཅིག་འདས་ཀྱང་སླར་ཕྱིར་ལྡོག་པར་བྱེད་པའི་ཕྱིར། མཐོང་སྤང་ཀུན་སྦྱོར་གསུམ་པོ་དེ་རྒྱུན་ཞུགས་ཞུགས་པའི་སྤང་བྱའི་གཙོ་བོ་ཡིན་ཏེ། གསུམ་པོ་དེ་ཐར་པར་བགྲོད་པའི་གེགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། འཇིག་ལྟས་དང་པོར་ཐར་པར་འགྲོ་མི་འདོད་པ་བྱེད། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་བར་དུ་ལམ་ནོར་བར་བྱེད། ཐེ་ཚོམ་གྱིས་ཐར་ལམ་ལ་ཐེ་ཚོམ་ཟ་བར་བྱེད་པའི་ཕྱིར་ཏེ། དཔེར་ན་ཡུལ་གཞན་དུ་འགྲོ་བའི་གེགས་དེ་ལ་འགྲོ་མི་འདོད་པ་དང་ལམ་ནོར་བ་དང་ལམ་ལ་ཐེ་ཚོམ་ཟ་བ་གསུམ་ལྟ་བུ་ཡིན་པའི་ཕྱིར། དེས་ན་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཆ་ནས་ཕྱིར་མི་འོང་འཇོག་པའི་རྒྱུ་མཚན་ཡོད་དེ། དེ་ལྔ་ཕྱིར་མི་འོང་ཞུགས་པའི་སྤང་བྱའི་གཙོ་བོ་གང་ཞིག་ཕྱིར་མི་འོང་གིས་དེ་ལྔ་སྤངས་སོ་ཞེས་རྟོགས་པའི་ཆེད་ཡིན་པའི་ཕྱིར།

{{#arraymap:ཐ་མའི་ཆ་མཐུན་ལྔ་

|; |@@@ | | }}