2113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་འགྲོ་ལྔའི་ནང་ཚན་ཚོར་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚོར་བ་ཞེས་པ་ནི། བདེ་སྡུག་བཏང་སྙོམས་གསུམ་པོ་གང་རུང་རང་སྟོབས་ཀྱིས་ཉམས་སུ་མྱོང་བའི་བློ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། ཉམས་སུ་མྱོང་བའི་རབ་ཏུ་ཕྱེ་བའི་རིག་པ་ཚོར་བའི་མཚན་ཉིད། ཚོར་བ་དང་ཚོར་བའི་ཕུང་པོ་དོན་གཅིག། དེ་ལ་དབྱེ་ན། གཉིས་སུ་དབྱེ་བ། གསུམ་དུ་དབྱེ་བ། ལྔར་དབྱེ་བ་དང་གསུམ་ལས། དང་པོ་ལ། ལུས་ཚོར་དང་། སེམས་ཚོར་གཉིས་སུ་ཡོད་པའི་ཕྱིར། དང་པོ་དང་། དབང་ཤེས་སུ་གྱུར་བའི་ཚོར་བ། ཕྱིའི་ཚོར་བ་རྣམས་དོན་གཅིག གཉིས་པ་དང། ཡིད་ཤེས་སུ་གྱུར་བའི་ཚོར་བ། ནང་གི་ཚོར་བ་རྣམས་དོན་གཅིག ཡང་དེ་ལ་དབྱེ་ན། ཟང་ཟིང་བཅས་པའི་ཚོར་བ་དང་། ཟང་ཟིང་མེད་པའི་ཚོར་བ་གཉིས་ཡོད། དང་པོ་དང་། ཟག་བཅས་ཀྱི་ཚོར་བ་དོན་གཅིག གཉིས་པ་དང་ཟག་མེད་ཀྱི་ཚོར་བ་དོན་གཅིག གསུམ་དུ་དབྱེ་བ་ལ། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ཡོད་པའི་ཕྱིར། བདེབ་དང་སྡུག་བསྔལ་གང་རུང་ལ་ཚོར་བས་ཁྱབ་ཀྱང། བཏང་སྙོམས་ལ་ཚོར་བས་མ་ཁྱབ་སྟེ། བཏང་སྙོམས་ལ་ཚོར་བ་བཏང་སྙོམས། འདུ་བྱེད་བཏང་སྙོམས། ཚད་མེད་བཏང་སྙོམས་རྣམས་སུ་ཡོད་པའི་ཕྱིར། གསུམ་པ་ལྔར་དབྱེ་བ་ལ། བདེ་བ། ཡིད་བདེ། སྡུག་བསྔལ། ཡིད་མི་བདེ། ཚོར་བ་བཏང་སྙོམས་རྣམས་སུ་ཡོད། ཡིད་བདེ་ཡིན་ན་བདེ་བ་ཡིན་པས་ཁྱབ་ཀྱང། ཚོར་བ་ལ་ལྔར་དབྱེ་བའི་བདེ་བ་མ་ཡིན་པས་ཁྱབ་སྟེ། ཚོར་བ་ལ་ལྔར་དབྱེ་བའི་བདེ་བ་ཡིན་ན། ལུས་ཚོར་བདེ་བ་ཡིན་དགོས་པའི་ཕྱིར། དེ་བཞིན་དུ། ཡིད་མི་བདེ་ཡིན་ན། སྡུག་བསྔལ་ཡིན་པས་ཁྱབ་ཀྱང་། ཚོར་བ་ལ་ལྔར་དབྱེ་བའི་སྡུག་བསྔལ་མ་ཡིན་པས་ཁྱབ་སྟེ། ཚོར་བ་ལ་ལྔར་དབྱེ་བའི་སྡུག་བསྔལ་ཡིན་ན། ལུས་ཚོར་སྡུག་བསྔལ་ཡིན་དགོས་པའི་ཕྱིར། འདུ་བྱེད་སོགས་ཕྱི་མ་རྣམས་མངོན་པ་གོང་འོག་ལས་ཤེས་པར་བྱའོ་ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཀུན་འགྲོ་ལྔའི་ནང་ཚན་ཚོར་བ་

|; |@@@ | | }}