21328

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐང་བླ་ཚེ་དབང་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ལོར་ཁམས་སྡེ་དགེ་དཔེ་ཝར་ཆུ་ཉིན་དུ་སྐུ་འཁྲུངས། དགུང་ལོ་བདུན་ནས་ཨ་མཆོད་མགོན་པོའི་མདུན་ནས་ཀློག་བསླབས། སྡེ་བྲིས་མཁས་པ་ནོར་བུ་དོན་གྲུབ་སོགས་ལས་ཡིག་གཟུགས་འདྲ་མིན་སྦྱངས། རང་ལོ་བཅུ་གཉིས་ཐོག་ཝར་ཤུལ་བློ་གྲོས་མདུན་ནས་བཟོ་གནས་རི་མོ་དཔྱིས་ཕྱིན་པ་སྦྱངས། མཁན་འཇམ་དབྱངས་ཆོས་རྒྱན་མདུན་ནས་སུམ་རྟགས་སོགས་ཐུན་མོང་རིག་གནས་ལ་སྦྱངས་བརྩོན་མཛད། དེ་ནས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱལ་མཚོས་བཀའ་བསྐུལ་ལྟར། ཀཿཐོག་དགོན་དུ་ཕེབས་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་ཐང་ཆེན་མོ་འབྲི་ཞོར་དུ་མཁན་ག་ལུ་མདུན་ནས་ཐུན་མོང་དང་ཐུན་མིན་རིག་གནས་འགའ་ཞིག་ལ་གསན་བསམ་མཛད། སླར་དཔལ་སྤུངས་གདན་སར་ཕེབས་ནས་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་སོགས་ལ་སྦྱངས་པར་མཛད་ཅིང་དབུ་མཛད་ཀྱི་འགན་བཞེས་ཀྱང་གནང། ཡང་ཁྲོད་སྒྲུབ་སྡེར་ལོ་གསུམ་བསྙེན་སྒྲུབ་མཛད། མཁན་མཁྱེན་རབ་ཀྱི་མདུན་ནས་དབུ་མ་སོགས་ལ་གསན་བསམ་རྒྱ་ཆེར་མཛད། སྐབས་དེའི་སྐུ་རྟེན་བྲི་འབུར་རྡུང་གསུམ་གྱི་ལག་ལེན་སྤྱི་དང་། ཁྱད་པར་ཐིག་ཚད་ལ་མཁས་པའི་ལྷ་བཟོ་ཀར་འབྲུག་ཅེས་གྲགས་པ་དེའི་མདུན་ནས་ཡང་བསྐྱར་སྐུ་གཟུགས་ཀྱི་ཐིག་རྩ་ཐམས་ཅད་མ་འདྲེས་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པར་སྦྱངས་པས་བཟོ་རིག་སྨྲ་བ་ཀུན་གྱི་གཙུག་རྒྱན་དུ་གྱུར། ཁོང་ནི་བོད་ཀྱི་རི་མོ་མཁས་པ་ཙམ་དུ་མ་ཟད་མི་རིགས་གཞན་གྱི་བཟོ་རྒྱུན་ལའང་མཁས་པར་སྦྱངས་ཏེ་རྒྱ་ནག་གི་ལུགས་སུ་བྲིས་པའི་གནས་བརྟན་དང་མི་ལ་ཆུ་རིས་མ་སོགས་དང། གཞན་ཡང་ཕྱི་གླིང་པའི་ལུགས་སུ་བྲིས་པའི་སི་ཏུ་པདྨ་ཉིན་བྱེད་དབང་པོ་སོགས་ཀྱི་བྲིས་ཐང་ངོ་མཚར་ཅན་མང་པོ་བྲིས། ཕྱིས་སུ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་དྲུང་ཡིག་པའི་འགན་བཞེས། དབུས་ཕྱོགས་སུ་ཡུན་རིང་བཞུགས་ཤིང་ཀར་ལུགས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་བོད་གངས་ཅན་ཀྱི་བཟོ་རྒྱུན་མི་ནུབ་དར་རྒྱས་སུ་བཏང་། དུས་འགྱུར་སྐབས་རིག་གནས་དངོས་རྫས་དང་བཅས་པར་སྲུང་སྐྱོབ་དང་། བཟོ་དང་བཅས་པའི་རིག་གནས་ཀྱི་རྒྱུན་སྤེལ་དང་དཔལ་སྤུངས་གདན་ས་བསྐྱར་གསོའི་སྐབས་གཙོ་འགན་བཞེས་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལ་སོགས་པའི་ལྡེབ་བྲིས་དང་ཐང་ཀ་དུ་མ་བཞེངས། ཁོང་གི་གསུང་རྩོམ་སྐོར། དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གྱི་རྣམ་ཐར། སྙན་ངག་མེ་ལོང་མའི་དཔེར་བརྗོད། དཔལ་སྤུངས་གདན་སའི་ལོ་རྒྱུས་སོགས་དང་། ཞལ་ཐང་སྐོར། ཐུབ་པའི་ཆོ་འཕྲུལ་སྨོན་ལམ་གྱི་ཞལ་ཐང་། ཕུར་པ། ཞི་ཁྲོ་སོགས་ཞལ་ཐང་སྟོང་ཕྲག་ལྷག་ཙམ་བཞུགས། དགུང་ལོ་གྱ་བརྒྱད་པའི་ས་སྦྲུལ་ཡེ་ལོ ༡༩༨༩ ལོར་ཟླ་བ་དྲུག་པའི་ཚེས་དྲུག་ཉིན་སྐུ་གཤེགས་སོ།།

{{#arraymap:ཐང་བླ་ཚེ་དབང་

|; |@@@ | | }}