21359

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐང་སྟོང་རྒྱལ་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་གླང་ཕྱི་ལོ་ ༡༣༦༡ ལོར་གཙང་ལ་སྟོད་གཡས་སུ་བྱང་བའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་ངམ་རིང་རྫོང་ཁོང་མདོ་སྤེ་ཆུས་སུ་ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གེར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་སྦྲུལ་ཕྱི་ལོ་ ༡༤༨༥ ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས། བྱིས་དུས་ཀྱི་མཚན་ལ་ཁྲོ་བོ་དཔལ་ལྡན་དུ་འབོད། ཡབ་ཡུམ་གཉིས་ཀྱིས་ཁོང་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཡི་གེའི་འབྲི་ཀློག་སློབ་པར་བསྐྱལ། མི་རིང་བར་བོད་ཡིག་དང་། ལཉྩ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལ་མཁས་པར་གྱུར། དགོན་པ་བྱང་སྡིངས་སུ་ཉི་མ་སེང་གེ་ལས་རབ་ཏུ་བྱུང་། མདོག་སྟོད་སྐྱ་རའི་དགོན་པའི་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལས་བསྙེན་པར་རྫོགས། མཚན་ལ་བརྩོན་འགྲུས་བཟང་པོ་གསོལ། ངམ་རིང་ཆོས་སྡེའི་མཁས་པ་བློ་གྲོས་རྡོ་རྗེ་ལས་སྡེ་སྣོད་ཀྱི་རིགས་ལམ་མང་པོ་གསན། ས་སྐྱར་དཀའ་བཞིའི་གྲྭ་སྐོར་བྱོན། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་འཕུར་བ་སོགས་ལས་གསང་སྔགས་གསར་རྙིང་དང་། མེ་རླུང་གི་སྒོམ་ཐབས་གསན། དབེན་པའི་གནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། བལ་ཡུལ་དུ་ཕེབས། འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོས། བྱ་རུང་ཁ་ཤོར་ལ་ཉམས་གསོ་མཛད། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་སྤྱིར་མདོ་དབུས་ཁམས་གསུམ་དང་། སྒོས་སུ་ཀོང་པོ་དང་། ཀློ་ཡུལ། མོན་ཡུལ། པ་གྲོ་སོགས་ལ་ཕེབས་ཏེ་ལྕགས་ཀྱི་སློང་མོ་དང་། ལྕགས་ཁ་སྔོག་འདོན། ལྕགས་བཞུ་རྡུང་དང་འདྲེན་པ་སོགས་ཐབས་ཤེས་ཡོད་རྒུའི་སྒོ་ནས་སྐྱིད་ཆུ་དང་། གངས་ལ་ཀློང་ཁ། དཔལ་ཆུ་བོ་རི། དཔལ་རི་བོ་ཆེ། མཇད་བཀྲ་ཤིས་རྩེ། གཙང་སྟོད་ཡོངས་རུ། སྟོད་ལུང་། ཉ་མགོ་གྲུ་ཁ། འབྲི་གུང་ཆོས་འཁོར་སྒང་། གཞུ་སྣ། མོན་ཡུལ་འཛོམས། བག་གྲོང་། འབྲི་ཆུ། རྫ་ཆི། ཉག་ཆུ་སོགས་ཆུ་ཀླུང་རྦ་རླབས་འཁྲུག་པའི་སྟེང་དུ་ལྕགས་ཟམ་ལྔ་བཅུ་ང་བརྒྱད། ཤན་ཆེན་དང་གྲུ་འདྲིས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཐམ་པ་བཙུགས། སྲོལ་རྒྱུན་ཟློས་གར་དང་ཟློས་གར་འཁྲབ་གཞུང་ལ་སློབ་སྦྱོང་དང་ཁ་སྐོང་བྱས། རབ་བྱུང་བརྒྱད་པའི་ཤིང་སྦྲུལ་ཕྱི་ལོ་ ༡༤༨༥ ལོར་གཙང་སྟོད་རི་བོ་ཆེར་(ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས། )སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་སྔ་རིས་པ་དང་ས་སྣ་པ་སོགས་ཡིན། མཁས་པ་ལ་ལས་ཕྱི་ལོ་ ༡༣༨༥ ལོར་འཁྲུངས་པ་དང་། ཕྱི་ལོ་ ༡༤༦༤ ལོར་འདས་པར་འདོད་པས་ད་དུང་དཔྱད་དགོས། མཚན་གཞན། ཁྲོ་བོ་དཔལ་ལྡན། བརྩོན་འགྲུས་བཟང་པོ།

{{#arraymap:ཐང་སྟོང་རྒྱལ་པོ་

|; |@@@ | | }}