21690

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐར་གླུད་སྣ་སེལ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ནང་སྐོང་ལྷ་སྲིན་མདོས་ཀྱིས་སྐོང་། ཞེས་གསུངས་པ་ལྟར། སྒྲུབ་པའི་གཤེན་པོ་དགོངས་པ་རྣམ་པར་དག་པས་འཇིག་རྟེན་ཐུན་མོང་གི་མཁོ་མཐུན་འདོད་ཡོན་སྣ་ཚོགས་ཀྱིས་རི་རབ་ལ་སོགས་སྣོད་བཅུད་ཀྱི་བཀོད་པར་བསྐྲུན་ཏེ་མདོས་ཀྱི་རྣམ་པར་བཞེངས་པ་དེ་དག་ལ་བྱ། དེ་ཡི་དགོས་པ་རྒྱུ་མཚན་ནི། བདེར་གཤེགས་ཡི་དམ་གྱི་ཕྲིན་ལས་རྣམ་པ་བཞི་ལས་དབང་དྲག་གཉིས་ཀྱི་ལས་རིམ་རྣམས་བཀའ་གཉན་ཞིང་དྲག་པས་དེར་འཇུག་པར། སྣང་སྲིད་ཀྱི་ཁམས་འདིར་གནས་ཤིང་དབང་བསྒྱུར་བའི་ལྷ་སྲིན་དྲེགས་པའི་ཚོགས་རྣམས་ཚོར་བ་རགས་པས་ཕྲག་དོག་དང་ཁོང་ཁྲོ་བར་འགྱུར་ཞིང་དེ་དག་གིས་བར་ཆོད་ཀྱི་གེགས་བརྩམ་པ་ཡིན་པས། སྔོན་དུ་འབྱུང་བྱའི་འགལ་རྐྱེན་གང་གི་སྣ་མེད་པར་སེལ་ཏེ་དེ་དག་ལས་ཐར་པའི་ཕྱིར་ཐར་གླུད་སྣ་སེལ་ཞེས་པ་འདི་ཉིད་གཏོང་བ་ཡིན་ནོ། ། དེ་ཉིད་ལས། རིན་ཆེན་སྤྱི་སྤུངས་བོན་བསྒྲུབ་ལ། གླུད་ཀྱིས་ལྷ་འདྲེ་མ་བཅོས་ན། དབང་དྲག་ལས་འདི་གཉན་དྲག་པས། སྣང་སྲིད་ལྷ་སྲིན་དྲེགས་པའི་ཚོགས། ཡ་ང་རུ་འཐུར་ཚོར་བ་རགས། དེ་ཕྱིར་ཐར་གླུད་སྣ་སེལ་གཏོང་། གཤེན་རབ་དགོངས་པ་དག་པས་སྤེལ། ཞེས་གསུངས་པས་སོ། ། དེ་ཡང་གླུད་མདོས་ཀྱི་རྣམ་པར་བཞེངས་བསྐྲུན་བྱ་བའི་རིགས་ནི། འཕེན་རྒྱང་གི་སྣལ་རིས། ཤིང་རིས་ཀྱི་འཁྲས་རྟེན་མཁར། དར་ཟབ་ཀྱི་རྒྱན་གོས། འབྲུ་སྣ་དཀར་མངར། སྨན་སྤོས་མེ་ཏོག་ལ་སོགས་ངལ་ཞིང་དུབ་པའི་གསོས། མི་ནོར་ཡུལ་མཁར་གྱི་འདོད་རྫས། ཁྱེའུ་བུ་མོ་རོལ་རྩེད་ཀྱི་གྲོགས། གླུ་དབྱངས་རོལ་མོ་ཡིད་ཆགས་ཀྱི་རྐྱེན། སྨྲ་བ་གསལ་ཞིང་ངག་བདེ་བ་བརྡ་སྤྲོད་པའི་སྨྲང་། གཡུ་འབྲང་གསེར་སྐྱེམས་དམ་ཚིག་ཆུ། དབལ་གྱི་བྱ་བཟང་ཟིལ་གནོན་ཁྱུང་ལ་སོགས་འཇིག་རྟེན་ཐུན་མོང་གིས་འདོད་ཞེན་སྐྱེ་བའི་ཡུལ་རྣམས་སོ། ། ཡང་དེ་ཉིད་ལས། རི་རབ་འོད་གསལ་ལྷ་ཡི་ཡུལ། འཕེན་རྒྱང་སྣལ་རིས་གཞའ་ཚོན་འོད། མདའ་སྨུག་ཤིང་རིས་འཁྲས་རྟེན་མཁར། དར་ཟབ་རས་ཕྲིང་(རེའུ་འབྲི)ལྷབ་ལྷུབ་གོས། འབྲུ་སྣ་དཀར་མངར་འདོད་པའི་རྫས། ཞེས་སོགས་རྒྱ་ཆེར་གསུངས་སོ། ། ཐར་གླུད་སྣ་སེལ་གཏོང་བ་ནི། ཐར་གླུད་སྐོང་ལ་བསྙེན་པ་ལ་ཕྱི་སྐོང་བར་སྐོང་ནང་སྐོང་ལ་བསྙེན་པ་གསུམ་གྱི་ནང་ལས་ཕྱི་མའི་ཁོངས་སུ་གཏོགས་པའོ། །དེ་དག་ལས་གླུད་དང་མདོས་ཞེས་བྱ་བ་རྣམས་ནི། སྒྲུབ་པའི་གཤེན་པོ་དགོངས་པ་ཁྱད་པར་ཅན་གྱིས་འཇིག་རྟེན་ཐུན་མོང་གི་འདོད་ཡུལ་གྱི་དངོས་པོ་སྣ་ཚོགས་ཀྱིས་རི་རབ་ལ་སོགས་སྣང་སྲིད་སྣོད་བཅུད་རྣམས་དཔེར་བཞག་སྟེ་དེའི་རྣམ་པར་བཞེངས་བསྐྲུན་བྱས་པ་ཞིག་ཡིན་ལ། དེ་ཡང་གསོན་གྱི་འགྲོ་བ་མི་ལ་སོགས་དང་དེའི་ཡུལ་མཁར་ལོངས་སྤྱོད་གང་དག་གི་ཚབ་བམ་བརྗེ་ཡུལ་དེ་ཡིན་པ་ལས། ཁ་ཅིག་གི་བསམ་ཚུལ་ལྟར། དཔེ་རྙིང་དག་ཏུ་བཤད་པའི་གཟུགས་འགྲོས་རྣམས་སྔོན་དུས་སུ་དངོས་སུ་སྤྱོད་ཀྱི་ཡོད་པར་བསམ་པ་ལྟར་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་ཡིག་རྙིང་ནང་གསལ་གླུད་དང་མདོས་སུ་བཤད་པའི་ཁོངས་སུ་ཕྱི་སྣོད་རི་རྒྱལ་དང་ནང་བཅུད་ཁྱུང་ཆེན་ལ་སོགས་ཆེས་དཀོན་ལ་འགྲོ་བ་ཐུན་མོང་གི་མཐོང་ཡུལ་ལས་ལྐོག་ཏུ་གྱུར་པའི་རིགས་མང་དུ་ཡོད་པ་དེ་དག་སྔར་མཐོ་སྒང་ཞང་བོད་ཀྱི་མེས་པོ་རྣམས་ཀྱིས་དངོས་སུ་སྤྱོད་ཡུལ་དུ་ཡོད་པར་འགྱུར་རོ། །
Domain ཆོས་ལུགས།

{{#arraymap:ཐར་གླུད་སྣ་སེལ་

|; |@@@ | | }}