21984

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་ཀྱི་ལྷ་མོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་ཡེ་སངས་ལྕམ་བརྒྱད་ཀྱི་ནང་ཚན་ཡིན། མཚན་གཞན་ལ་སྐབས་འགར་གཏེར་འཛིན་ལྷ་མོ་ཞེས་གསལ། གནས་ནི་དཀྱིལ་འཁོར་བྱང་ཤར་ཕོ་བྲང་གླིང་ཆེན་གྱི་ནུབ་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི་པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དཀར་མོ་རྒྱན་དང་ལྡན་པ་དབུ་ལ་རིན་ཆེན་ཐོད་ལྡིང། སྐུ་ལ་འོད་ཀྱི་ན་བཟའ་ལ་གཞའ་ཚོན་འབར་བའི་ཤམ་ཐབས་ཅན། གཡས་པས་གནམ་ལྕགས་ཟ་འགྲམ་དང་གཡོན་པས་རིན་ཆེན་སྣ་བརྒྱད་བསྣམས་པ་ཞིག་གོ ། ཕྲིན་ལས་ནི། མ་རྨོངས་སྐྱེ་མེད་ཀྱི་བོན་ལ་སོགས་དཔག་པར་མཛད་དོ། །ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་སང་ངེ་འདུ་འདུ་ཟ། ཞེས་པའམ་ཟ་ཡིག་འདི་ཉིད་དོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། སང་ངེ་ནི་དབྱིངས། ཟ་ཡིག་ནི་ལྷ་མོ་འདི་ཉིད་དུ་མཚོན་པའོ། །ཡིག་འབྲུ་སོགས་ཀྱི་བསྐྱེད་གནས་ནི། གཡས་དཀར་དྭངས་བསྐྱེད་ཅེས་པ་རྩ་གཡས་དཀར་ལ་གནས་སོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་གཞི་བྱེད་དོ། །དེའི་དོན་རྟོགས་དང་མ་རྟོགས་པའི་དགེ་སྐྱོན་ནི། གསང་འདུས་དོན་རྒྱུད་ལྟར་ལྷ་ཡབ་ཡུམ་སྦྱར་ཚུལ་གཞིར་བྱས་ན། རྟོགས་ན་ཀུན་སྙོམས་ཡེ་ཤེས་དབྱིངས་སུ་དག་པ་དང་མ་རྟོགས་ན་སྒྱུ་མ་བློ་རུ་འཁྲུལ་ལ། གྲོལ་ན་གསལ་བ་འོད་དང་རིན་ཆེན་གཏེར་འཛིན་མ་དང་གཉིས་སུ་མེད་པར་འགྱུར་ལ། མ་གྲོལ་ནའང་འཁྲུལ་སྣང་བློ་རུ་ཤར་བར་གསུངས་སོ། ། འདི་ལ་གཞུང་རྣམས་སུ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསུངས་པ་མཐུན་ཡང་ཡབ་ཡུམ་སྦྱོར་ཚུལ་ལ་མ་མཐུན་པ་འདུག་པས། ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་ལྟར་ན། འདི་ཉིད་ཁ་སྟེ་མུ་ཡའི་ཕྱག་རྒྱའི་ཡུམ་དུ་བཞེད་ལ། ཐོས་གྲོལ་ལྟར་ན་ཡེ་གཤེན་སེམས་དཔའ་བརྒྱད་ཀྱི་ནང་གསེས་ལྡེ་བོ་གསུང་ཆེན་གྱི་ཕྱག་རྒྱའི་ཡུམ་ཡིན་ལ། གསང་འདུས་དོན་རྒྱུད་ལྟར་ན་གཙུག་གཤེན་རྒྱལ་བའི་ཕྱག་རྒྱའི་ཡུམ་དུ་གསུངས་སོ། །ཞི་ཁྲོ་ཡེ་ཤེས་ཀྱི་སྐོང་རྫོགས་ཀྱི་དགོངས་པ་ལྟར་ན། གདོས་བཅས་ལུས་ཀྱི་རྣ་དབང་གྱི་མཚན་མ་གནས་སུ་དག་པ་ལས་ཁ་སྟེ་མུ་ཡ་དང་དེར་སྣང་གི་ཡུལ་སྒྲ་ཚོགས་ཀྱི་སྣང་བ་རྣམ་པར་དག་པ་ལས་སྒྲ་ཡི་ལྷ་མོ་རུ་འཆར་བ་ལྟར་མཛད་འདུག་པ་བཞིན། གཞུང་ཕྱི་མ་གཉིས་ཀྱི་དགོངས་བཞེད་ལྟར་ཡབ་ཡུམ་སྦྱོར་ཚུལ་དེ་ལེགས་པར་སྣང་ཡང་དཔྱད་པར་བྱའོ། །
Domain ཆོས་ལུགས།

{{#arraymap:ཐུགས་ཀྱི་ལྷ་མོ་

|; |@@@ | | }}