22207

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུགས་སྲས་ནམ་མཁའ་རྡོ་རྗེ་ (1)
Part of speech མིང་ཚིག
Definition གུང་ཐང་ཟླ་མ་ཞེས་པར་ཡབ་དཀོར་དཔོན་ལྷ་དར་དང་ཡུམ་གཡུང་དྲུང་ལྕམ་གྱི་སྲས་སུ། རབ་བྱུང་བརྒྱད་པའི་མེ་རྟ་ ༡༤༨༦ ལོར་འཁྲུངས། མིང་ནམ་མཁའ་དཔལ་ལྡན་དུ་བཏགས། དགུང་ལོ་བརྒྱད་དགུ་ནས་སྒོམ་ཆེན་སངས་མགོན་པ་ལ་ཀློག་དང་། བཅུ་གཅིག་པའི་དུས་སུ། རིན་པོ་ཆེ་ཀུན་དགའ་གཟི་བརྗིད་པའི་དྲུང་ནས། ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ཀུན་དགའ་དཔལ་ལྡན་དུ་གསོལ། བླ་མས་སེམས་ཅན་ལ་ཕན་ཐོགས་པ་ཞིག་འོང་བར་གསུངས། རྒྱུད་གསང་སྙིང་སོགས་དབང་ལུང་འགའ་རེ་ཞུས། ཁུ་བོ་དཀའ་བཞི་པ་ཤེས་རབ་རྣམ་རྒྱལ་གྱི་དྲུང་ནས་སྤྱོད་འཇུག་སོགས་དང་། དྲུང་པ་སློབ་དཔོན་ཀུན་དགའ་རྒྱལ་མཚན་ལས། དབང་ཁྲིད་མང་དུ་གསན། བཅུ་བདུན་ལ། འཇམ་དབྱངས་ནམ་མཁའ་རྡོ་རྗེའི་དྲུང་ནས། དགེ་ཚུལ་གྱི་སྡོམ་པ་མནོས། རྗེ་གཙང་པ་ཧེ་རུ་ཀ་ནས། དབང་ཆོས་ཀྱི་འབྲེལ་བ་གསན། གཙང་སྨྱོན་པའི་ཐུགས་སྲས། ལྷ་བཙུན་པའི་དྲུང་དུ་བྱོན་ནས། ནཱ་རོ་ཆོས་དྲུག་དང་། ཡི་གེ་བཞི་པའི་ངོ་སྤྲོད་རྣམས་གནང། ད་ཕ་ཡུལ་དུ་བསྡད་ན་ཆོས་གཤའ་མ་མི་འོང་བར་འདུག་པས། རྒྱལ་ཁམས་སྐོར་ལ་བླ་མ་བཟང་པོ་ཞིག་འཚོལ་དགོས་དགོངས་ཏེ། ཆུ་དབར་ན། འགྲོ་མགོན་བློ་གྲོས་རྒྱ་མཚོའི་སྙན་པ་གསན་པས། མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ་བའི་དད་པ་ཐོབ། ཡབ་ཡུམ་ལ་གསང་ནས་བྱོན། ཆུ་དབར་དུ་རྗེ་དང་མཇལ། ཐོག་མར་ཕྱག་ཆེན་ཡི་གེ་བཞི་པ་ནས་བཟུང་། གཅོད་ཡུལ་མ་ཁྲིད། དོ་ཧའི་སྐོར། མེ་ཏོག་རྡོ་ཡི་བཅུད་ལེན་སོགས་གདམས་ངག་མ་རྫོགས་པར་བླ་མ་གཤེགས། ཕྱིས་གཙང་པ་ཧེ་རུ་ཀའི་བུ་ཆེན། འཁྲུལ་ཞིག་རབ་འབྱམས་ཆོས་རྗེ་ལས། རས་ཆུང་སྙན་བརྒྱུད་སོགས། ཆོས་ལྷག་མ་རྣམས་གསན། ཉེར་དྲུག་ལ་འབའ་རའི་སྤྲུལ་སྐུ། ནམ་མཁའ་རྒྱལ་མཚན་གྱི་དྲུང་དུ་བྱོན། ཞལ་མཐོང་བ་ཙམ་ལ་སྣང་བ་འགྱུར། ལོ་གསུམ་གྱི་བར་དུ་བཞུགས་ནས། དབང་དང་ཁྲིད་རྣམས་རྫོགས་ནས། དེ་ཉིད་དུ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། དགེ་སྦྱོར་གང་འཕེལ་མ་གཏོགས། ཚེ་འདིའི་མདུན་མ་བྱེད་རེ་སྙམ་དུ། ཐུགས་ཐག་བཅད་ནས། ཐུགས་དམ་ལ་སྔར་བཞིན་བཞུགས། སླར་འབའ་ར་དོན་གྲུབ་སྡིངས་སུ་ཕེབས། བླ་མའི་བཀའ་བཞིན། རྗེ་སངས་རྒྱས་རིན་ཆེན་པས་མཁན་པོ་མཛད་དེ་བསྙེན་པར་རྫོགས་མཚན་ནམ་མཁའ་རྡོ་རྗེ་གསོལ། ཡབ་ཡུམ་བགྲེས་ནས་དབུལ་ཞིང་མགོན་མེད་དུ་འདུག་པ་གསན་ཏེ། མདོ་ཆེན་དུ་ཡབ་ཡུམ་གཉིས་དང་འཕྲད་དུ་ཕེབས། ཅུང་ཟད་འབུལ་བ་བྱུང་ཚད་ཡབ་ཡུམ་གཉིས་ལ་གནང་། དེ་ནས་བསམ་གཏན་གླིང་། གནས་ཆེན་དཀར། ལྕོག་རི། ལན་དྷེ་ཀོ། ཕྱི་རྒྱབ། གཡུ་རིའི་རི་ཁྲོད་སོགས་སུ་བསྙེན་སྒྲུབ་མཛད། ལྷོ་བོད་ཀྱི་གདུལ་བྱ་མང་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར། དགུང་ལོ་རེ་བརྒྱད་པ་ཆུ་གླང་ ༡༥༥༣ ལོའི་ནག་པ་ཟླ་བའི་ཚེས་གཉིས་ཀྱི་ཉི་མ་རི་རྩེ་ལ་ཤར་བ་དང་། སྙུན་ཟུག་ལ་སོགས་ཅི་ཡང་མེད་པར་ཆོས་གླིང་དུ་གཟུགས་སྐུ་བསྡུས་སོ། །གདུང་ལ་སྲན་ཆུང་ཙམ་གྱི་རིང་བསྲེལ་མང་དུ་བྱོན། སློབ་མ་ནི། ཐུགས་སྲས་ནམ་མཁའ་དཔལ་འབྱོར་པ། རབ་འབྱམས་པ་ལྷུན་གྲུབ་རྒྱལ་མཚན། འཇམ་གླིང་བླ་མ་དྲུང་པ་སྙན་གྲགས་དབང་པོ་སོགས་ཆོས་མཛད་ཕོ་མོ་མཐའ་ཡས་སོ། །

{{#arraymap:ཐུགས་སྲས་ནམ་མཁའ་རྡོ་རྗེ་

|; |@@@ | | }}