2227

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་རིག་སྒྲོན་མའི་ཆོ་ག་ (1)
Part of speech མིང་ཚིག
Definition བོན། མདོ་དྲི་མེད་གཟི་བརྗིད་ལས། བོན་གྱི་སྟོན་པ་གཤེན་རབ་མི་བོ་(འཁྲུངས་འདས་ཕྱི་ལོའི་སྔོན་༡༦༠༧༡-༧༨༡༧)རྟག་གཟིགས་འོལ་མོ་ལུང་རིང་དུ་མངོན་པར་བྱོན་ནས། གང་འདུལ་ཐབས་ཀྱིས་གདུལ་བྱ་སྣ་ཚོགས་ཁ་ལོ་གྱེན་དུ་བསྒྱུར་པའི་མཛད་པ་གང་མང་མཛད་པའོ། །དེའི་ཚེ་དེའི་དུས་ན། གནས་མཆོག་འོལ་མོ་ལུང་རིང་གི་ལྷོ་ཕྱོགས་སུ། རྗེ་རིགས་བཀོད་པའི་གླིང་། ཆུ་བོའི་སི་ཏུའི་འགྲམ། གྲོང་ཁྱེར་དབང་བསྒྱུར་བཀོད་པ། སྐུ་མཁར་དགུ་ར་ཁྱད་མོ་ཞེས་པའི་མཁར་གནས་དེ་དག་གི་མངའ་བདག་རྗེ་རིགས་ཀྱི་རྒྱལ་པོ་ཁྲི་བསྟན་དར་མ་དང་། རྨང་རིགས་ཀྱི་བཙུན་མོ་ཁྲི་མ་ལམ་གསལ་གཉིས་ལ་རྒྱལ་བུ་ཁྲི་ཤི་དབང་གི་རྒྱལ་པོ་བྱ་བ་ཞིག་བྱུང་བས། རྒྱལ་བུ་དེ་ནི་ཤིན་ཏུ་མི་སྡུག་པ་ལུས་ངག་ཆ་ཤས་སོགས་ཧ་ཅང་གི་རྩུབ་པོ་ཞིག་སྟེ། རྒྱལ་བུ་དེས་དགེ་བའི་ལས་ལ་ཁྱད་དུ་བསད་ཅིང་སྡིག་པའི་ལས་སྤྱོད་ཀྱང་རྒྱལ་ཁམས་ཁེངས་པར་བགྱིས་ནས། སྡིག་པའི་འཁོར་ལོ་བསྐོར་བའི་ཐ་མ་ཡང་རང་གིས་ལས་བྱས་རང་ལ་སྨིན་པ་དང་། ལྷ་དང་བཀའ་སྲུང་གིས་དབུ་ཡོགས་སོགས་ཕོབས་པས། རྒྱལ་བུ་དེ་ལ་མི་བཟོད་པའི་ཚ་གྲང་འདུ་ནད་ཀྱིས་ཟིན་ནས། བཅོས་ཐབས་མོ་བོན་སྨན་རྩིས་བཞི་ཡིས་ཇི་ལྟར་བྱེད་ཀྱང་མ་ཕན་པའི་ཐ་མ་འཆི་ལ་ཐུག་གོ ། དེའི་ཚེ་རྒྱལ་བུ་ཡང་འགྱོད་པ་སྐྱེད་དེ་ཡབ་ཡུམ་སྲས་འཁོར་རྣམས་ལ་ཞལ་ཆེམས་ཀྱང་འདི་ལྟར་བཞག་སྟེ། ཁྲི་ཤི་རྒྱལ་པོ་དམྱལ་བར་ལྷུང་བ་ལ། དུས་གསུམ་སྟོན་པ་མེད་པས་ང་མི་འདྲེན། དེའི་ཕྱིར་རྒྱལ་ས་འོལ་མོ་གླིང་ཆེན་ནས། སྟོན་པའི་སྒྲོན་མ་སྤྱན་དྲོངས་མཆོད་གནས་ཀྱིས། ཞེས་སོགས་སྨྲས་ནས་ཤིའོ། ཁྲི་ཤིའི་སྲས་དང་འཁོར་ཚོགས་མང་པོས་རྒྱལ་པོའི་ཞལ་ཆེམས་ལྟར་སྟོན་པའི་སྒྲོན་མ་སྤྱན་འདྲེན་ལ་གཤེགས་པས། དེའི་ཚེ་དེའི་དུས་ན། སྟོན་པ་ཐུགས་རྗེ་ཅན་ནི། སོག་ག་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་གླིང་ཆེན་གྱི། རྒྱལ་ས་བར་པོ་སོ་བརྒྱད་དུ་འཁོར་རྣམས་ལ་འཁྲུལ་ངག་བདེན་པའི་བོན་སྟོན་ནས་བཞུགས་སོ། །རྒྱལ་བུ་འཁོར་རྣམས་ཀྱིས་ལྷ་ཕྱག་མཆོད་འབུལ་བགྱིས་ནས། རྒྱལ་པོ་ཁྲི་ཤི་དབང་རྒྱལ་གྱི་འདྲེན་སྟོན་ཕེབས་པར་གསོལ་བ་བཏབ་པས། སྟོན་པ་ཐུགས་རྗེ་ཆེ་བས་འགྲོ་བ་འདུལ་བར་དགོངས་ནས། འཁོར་སེམས་དཔའ་དང་། རྨ་ལོ། གཡུ་ལོ། ཚངས་པ་གཙུག་ཕུད་བཅས་ཤིང་རྟ་བརྒྱད་ལ་ཆིབས་ནས་ཕེབས་ཏེ། རྒྱལ་ཁམས་དེའི་རྒྱལ་འབངས་ཡོངས་ཀྱིས་མཆོད་པ་སྣ་ཚོགས་ཀྱིས་ཕེབས་བསུ་ཞུ་སྟེ། རྒྱལ་སའི་མི་རྣམས་ལ་བོན་འཁོར་བསྐོར་ཞིང་། ཚེ་འདས་དེ་ལ་ཡང་ཀུན་རིག་སྒྲོན་མའི་ཆོ་གའི་དཀྱིལ་འཁོར་གྱིས་ཁོག་དབུབ་པ་དང་། འདུལ་དྲུག་སྐབས་ཀྱི་ཆོ་གས་ངན་སོང་གི་གནས་སྦྱང་བ་དང་། ས་བཅུ་ལམ་རིམ་གྱི་ཆོ་གས་བདེ་ཆེན་གནས་སུ་སྤར་བ་དང་གསུམ་སྐབས་དེར་སྟོན་པ་ཐུགས་རྗེ་ཅན་དེས་གསུངས་སོ། །ཆོ་ག་འདི་ཡང་ཕྱིས་སུ་དུས་རབས་བཅུ་བཞི་བའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོ་(འཁྲུངས་ཚིགས་ཕྱི་ལོ་༡༣༦༠)ལ་སྙན་དུ་རྒྱུད་ཡོད། ལོ་རྒྱུས་རགས་ཙམ་ཞིག་བཀོད་ཡོད་རྒྱས་པོ་༼མདོ་དྲི་མེད་གཟི་བརྗིད་༽པོད་དྲུག་པ་ལས་གསལ་ལོ། །
Domain ཆོས་ལུགས།

{{#arraymap:ཀུན་རིག་སྒྲོན་མའི་ཆོ་ག་

|; |@@@ | | }}