22385

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུབ་བསྟན་དངོས་གྲུབ་འཕྲིན་ལས་རབ་རྒྱས་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༡༡༧ གུང་འབར་ཆེ་ཚང་སྤྲུལ་སྐུ་ཐུབ་བསྟན་དངོས་གྲུབ་འཕྲིན་ལས་རབ་རྒྱས་ནི་མདོ་སྟོད་སྡེ་དགེའི་ཁོངས་འདན་མ་རྫོང་སྟོད་པ་ཤོག་ཁག་ལྔའི་ནང་ཚན་རྩེ་ཕུ་བདེ་སྐྱིད་གྲོང་དུ་ཡབ་བློ་རྣམ་དང། ཡུམ་ཚེ་དགའ་གཉིས་ཀྱི་སྲས་སུ་ ༡༩༤༣ ལོར་ནམ་མཁར་འཇའ་གུར་སོགས་ལྟས་དང་བཅས་ཏེ་འཁྲུངས། དགེ་བཤེས་དགེ་ལེགས་བསྟན་དར་དྲུང་ནས་ཡི་གེའི་སྦྱོར་ཀློག་མཚོན་པའི་མདོ་སྔགས་དང་རིག་གནས་སོགས་ལ་སྦྱངས་པར་མཛད། ལབ་མཁན་ཆེན་རིན་པོ་ཆེའི་ཞལ་སྔ་ནས་གསང་བདེ་འཇིགས་གསུམ་གྱིས་མཚོན་པའི་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་། ཚིགས་སྔ་མའི་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་དབུས་སུ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་དུ་མཁན་རིན་པོ་ཆེ་དགེ་པདྨ་རྒྱལ་མཚན་ལགས་སོགས་ཀྱི་གཙོས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་ཁག་གསན་སྦྱངས་ཕུལ་ཕྱིན་གནང། བཙན་བྱོལ་དུ་ཕེབས་ནས་ཀྱང་མུ་མཐུད་གསན་བསམ་གནང་སྟེ་མཁས་གྲགས་ཀྱི་མཚན་སྙན་འབར་ ༡༩༦༧ མེ་མོ་ལུག་གི་ལོར་༸གོང་ས་མཆོག་གི་དྲུང་ནས་ཚིགས་ཕྱི་མའི་དགེ་སློང་སྡོམ་པ་བཞེས། ༡༩༧༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་འཇོག་མཛད། སྨོན་ལམ་གྲོལ་རྗེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ཏེ་ཆོས་འགྲིམ་ཆ་ཚང་བསྐོར་ཞིང་། རྒྱུད་འགྲེེལ་འཆད་ཉན་མ་ལུས་པ་དམ་པའི་ཕྱག་བཞེས་ལྟར་གསན་སྦྱངས་མཛད། དེ་ནས་རིམ་བཞིན་སྔགས་དམ་འཇོག་དང་། བླ་མ་དབུ་མཛད། མཁན་པོ་བཅས་གནང་བས་བླ་དབུའི་སྒྲིག་ལམ་གནོན་འདོམས་གཙོ་བོ་དང། མཁན་པོའི་སྐབས་རྒྱུད་འགྲེལ་འཆད་ཉན་གཙོ་བོར་གནང་སྟེ་རྒྱུད་ཆེན་གོང་མའི་རྣམ་ཐར་བདག་གིས་བཟུང་། ལྷག་པར་དམ་པ་འདི་ཉིད་ཀྱིས་དགོས་དབང་གི་སྔར་གྱི་མཐོང་བརྒྱུད་ཕྱག་བཞེས་རྣམས་མི་ཉམས་གོང་འཕེལ་གཏོང་ཆེད་གྲྭ་གཞོན་ཚོར་སློབ་གྲྭའི་རྣམ་པར་བསྒྱུར་ཏེ་རྒྱུགས་སྤྲོད་ཀྱི་ཡིག་ཆ་གཞིར་བཞག་གིས་ལོོར་བསྟར་འཆར་ཅན་གྲྭ་གཞོན་སུ་ཐད་ནས་གྲྭ་ཚང་འདིའི་ཐུན་མོང་མ་ཡིན་པའི་བཞེད་སྲོལ་རང་སྐྱ་འཕེལ་ངེས་མཛད་པས་གྲྭ་ཚང་ལ་དེ་བས་ཀྱང་བཀྲིན་ཆེ། མཁན་པོའི་ཁྲི་བཤོལ་རྗེས་སུ་རྡོར་གདན་མཁན་པོ་དང་གླིང་མཆོག་སྤྲུལ་རིན་པོ་ཆེའི་མཚན་ཞབས་གནང་། གཞན་དུ་ལྷ་སྔགས་ཏིང་ངེ་འཛིན་གྱིས་འབྱམས་ཀླས་ཤིང་བཞུགས་པའི་མཐར་དགུང་གྲངས་ ༥༩། ༢༠༠༠ ལོར་བོད་ཟླ་༢ པའི་ནང་གདུལ་བྱ་རྟགས་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས།

{{#arraymap:ཐུབ་བསྟན་དངོས་གྲུབ་འཕྲིན་ལས་རབ་རྒྱས་

|; |@@@ | | }}