22388

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐུབ་བསྟན་རྒྱལ་མཚན་འོད་ཟེར་ (1)
Part of speech མིང་ཚིག
Definition ཀཿཐོག་པའི་འདབ་ཞོལ་ཧོར་པོ་ཡབ་རི་རྩ་ཨ་འགྲུབ་ཟེར་བའི་བུ་སར་རྨ་ཚང་གི་ཚ་བུ་རི་བུ་ཞུ་བ་དང་། ཡུམ་ཁྲ་རྡོག་ཞུ་བའི་སྲས་སུ་རབ་ཚེས་ཆུ་སྟག་ཕྱི་ལོ་ ༡༩༠༢ སྐུ་འཁྲུངས། བཤད་གྲྭ་ནོར་བུའི་ལྷུན་པོར་བཞུགས་ནས་མཁན་པོ་ལེགས་བཤད་འབྱོར་ལྡན་མདུན་རྒྱ་བོད་མཁས་པ་རྣམས་ཀྱི་གཞུང་འགྲེལ་སྐོར་འཆད་ཉན་གནང་བ་ལ་གསན་སྦྱོང་ཡང་དག་པར་མཛད། ཆུང་ནས་འགྱུར་ལྡོག་མེད་པའི་དད་པ་བརྟན་པ་དང༌། འཚོ་བ་ལ་ཆོག་ཤེས་ཆེ་བ། ལྷ་དང་བླ་མ་ལ་དག་སྣང་མངའ་བ་སོགས་དམ་པའི་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཞིང༌། སྐྱབས་རྗེ་སི་ཏུ་རིན་པོ་ཆེ་དང༌། ཀུན་མཁྱེན་ངག་གི་དབང་པོ། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། མཁན་ཆེན་ལེགས་པར་བཤད་པའི་འབྱོར་ལྡན་སོགས་ལས་ཀློང་ཆེན་སྙིང་ཐིག་དང་ཡ་བཞི་སོགས་བཀའ་གཏེར་མདོ་སྔགས་ཟབ་མོའི་ཆོས་ཚུལ་དཔག་ཏུ་མེད་པ་ལ་གསན་བསམ་ཡོངས་སུ་རྫོགས། མཁན་པོ་ཨོ་རྒྱན་བསྟན་འཕེལ་རྗེས་རྒྱུད་སྡེ་མཁན་པོ་ལོ་ལྔ་མཛད། ཁྱད་པར་དུས་འགྱུར་ཆེན་པོའི་སྐབས་བར་ཆད་གང་གིས་ཀྱང་མ་ཚུགས་པ་སླར་ཡང་ཀཿབསྟན་གསལ་བར་བྱེད་པའི་ཐུགས་བསྐྱེད་རྨད་དུ་བྱུང་བས། གཙུག་ལག་ཁང་དང་རྟེན་གསུམ་གསར་བཞེངས། ཕྱོགས་ཀུན་ནས་ཕེབས་པའི་བླ་སྤྲུལ་གཞི་བྱེས་བཅས་ལ། སྔོན་འགྲོ་དང༌། གཞུང་བཤད། སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པའི་རིམ་པ་བརྒྱུད་པ་ཆད་ལ་ཉེ་བ་རྣམས་སྲོག་མཐུད་པ་ལྟ་བུས་ཉམས་གསོ་དང༌། ཁྱད་པར་དམ་ཆོས་འདུལ་བའི་བསྟན་པ་མར་མེ་སྣུམ་ཟད་ལྟ་བུར་གྱུར་པའི་སྐབས་འདིར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་སྤེལ་ཏེ་སླར་ཡང་ངུར་སྨྲིག་རྒྱལ་མཚན་འཆང་བས་ས་སྟེང་ཀུན་ཏུ་ཁྱབ་པར་བྱུང་བའི་བཀའ་དྲིན་དང་ཐུགས་རྗེ་ཚད་མེད་པའི་ཕྲིན་ལས་ཀྱིས་རྒྱལ་བསྟན་སྤྱི་དང་ཁྱད་པར་རྒྱལ་བ་ཀཿཐོག་པའི་བསྟན་པ་གསལ་བའི་སྒྲོན་མེ་ལྟ་བུར་ཆགས། དགུང་ལོ་གྱ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་བདུན་པའི་མེ་ཡོས་ཟླ་གཉིས་པའི་ཚེས་ཉེར་ལྔ་ཕྱི་ལོ་ ༡༩༨༧ ལ་སྐུ་གཤེགས།

{{#arraymap:ཐུབ་བསྟན་རྒྱལ་མཚན་འོད་ཟེར་

|; |@@@ | | }}