22553
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐྱབས་འགྲོའི་རྒྱུ་ནི། བྱང་ཆུབ་སེམས་དཔའ་ལ་རྒྱུ་(འཇིགས་པ་འདོད་པ་དད་པ་)གསུམ་པོ་དེ་ཡང་ཡོད་མོད་ཀྱི་སྙིང་རྗེ་གཙོ་ཆེའོ། །སྐྱབས་ཡུལ། སངས་རྒྱས་ཀྱིས་གཙོར་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་ཐེག་པ་ཆེན་པོ། དགེ་འདུན་ནི་བྱང་ཆུབ་སེམས་དཔའ་ཁོ་ན་འདོད་དོ། །དུས་ནི། བྱང་ཆུབ་སེམས་དཔའ་ཇི་སྲིད་སྙིང་པོ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་འགྲོའོ། །ཆེད་དུ་བྱ་བ་ནི། བྱང་ཆུབ་སེམས་དཔའ་གཞན་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་པས་སྐྱབས་སུ་འགྲོའོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པའི་དགོངས་གསལ་ལས་གསུངས་སོ། ། གང་ཟག་གང་གིས་སྐྱབས་སུ་འགྲོ་བ་ནི། ཐེག་པ་ཆེན་པོའི་རིགས་སད་པའི་གང་ཟག་གིས་སོ། །རྒྱུ་མཚན་གང་གིས་སྐྱབས་སུ་འགྲོ་བ་ནི། གཞན་དོན་དུ་སངས་རྒྱས་པའི་ཐབས་འཚོལ་བའི་བསམ་པ་སྟེ། བདག་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་ནས་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་དེ་དག་ལས་བསྒྲལ་བར་བྱ་དགོས་ལ། དེ་ལྟར་ནུས་པའང་རྫོགས་པའི་སངས་རྒྱས་ལས་གཞན་མེད་པས་དེ་ལ་སྐྱབས་འཆའ་སྙམ་པ་དང་། དེའི་དོན་ཡང་དེའི་གོ་འཕང་ཐོབ་པ་ཡིན་པར་ཤེས་པ་ཡིན་པའི་ཕྱིར་རོ། །རྒྱུ་དེས་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི་ཐོབ་བྱ་འབྲས་བུའི་སྐྱབས་འགྲོ། ཡུལ་བདག་གཞན་གྱི་དོན་ཡོངས་སུ་རྫོགས་པ་མཐར་ཐུག་གི་དཀོན་མཆོག་གསུམ་རང་རྒྱུད་ལ་འབྱུང་བ་དང། བརྟེན་པ་རྒྱུའི་སྐྱབས་འགྲོ་ཡུལ་སངས་རྒྱས་གཞན་རྒྱུད་ལ་གྲུབ་ཟིན་པ་དང་། ཐེག་པ་ཆེན་པོའི་ཆོས་འགོག་ལམ་གྱིས་བསྡུས་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་བརྟེན་པའོ། །རྒྱུ་དེས་ཡུལ་གང་ལ་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་ནི། སྦྱོར་དངོས་རྗེས་གསུམ་གྱི་ཆོ་གའི་སྒོ་ནས་བྱང་ཆུབ་སྙིང་པོའི་བར་དུ་གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་ལ་ལམ་སྟོན་པ་དང་། ལམ་དངོས་དང་། ལམ་སྒྲུབ་པའི་ཟླ་གྲོགས་ཞུས་ནས། རང་རྒྱུད་ལ་འབྱུང་བའི་དཀོན་མཆོག་གསུམ་སྒྲུབ་པར་ཁས་བླངས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མ་སྤྱི་དོན་ལས་གསུངས་སོ། ། |
| Domain | ཆོས་ལུགས། |