22560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་སྒོམ་སྤང་རྟོག་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་གང་ཞིག ལྷན་སྐྱེས་ཀྱི་ཆར་གྱུར་པ་དེ། སྒོམ་སྤང་རྟོག་པའི་མཚན་ཉིད། དེ་ལ་དབྱེ་ན་བཞི། དེ་རེ་རེ་ལའང་དགུ་དགུ་སྟེ་སོ་དྲུག དེ་ཡང་ཁམས་གསུམ་དུ་སོ་སོར་ཕྱེ་བས་བརྒྱ་དང་བཅོ་བརྒྱད་དོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །འདིར་བསྟན་སྒོམ་སྤང་རྟོག་པ་བཞི་པོ་འདི་དག་བྱང་སེམས་ལམ་གྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་ཁོ་ན་ཡིན་གྱི། ཐེག་དམན་གྱི་སྤང་བྱའི་རིགས་ནི་མེད་དེ། ཐེག་དམན་གྱི་སྤང་བའི་རིགས་མ་ལུས་པ་ས་དང་པོ་ནས་སྤངས་ཟིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། །ཆོས་ཉིད་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ལམ་གྱི་སྤང་བར་བྱ་བའི་མངོན་ཞེན་དེ་ཐེག་ཆེན་གྱི་སྒོམ་སྤང་རྟོག་པའི་མཚན་ཉིད། སྒོམ་སྤང་རྟོག་པའི་ས་བོན་རྣམས་ནི་རྟོག་པ་མ་ཡིན་ཏེ། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་ན་ཡོད་པའི་རྐྱེན་དང་འཕྲད་ན་རྟོག་པ་བསྐྱེད་ཀྱི་ས་བོན་གྱི་ཆར་གྱུར་པ། གནས་ངན་ལེན་གྱི་བག་ཆགས་ཞིག་ལ་འཇོག་པའི་ཕྱིར། དེ་བེམ་ཤེས་ལྡན་མིན་འདུ་བྱེད་གང་ཡིན་སྙམ་ན། དམ་པ་ཁ་ཅིག ལྡན་མིན་འདུ་བྱེད་དུ་སྡུད་གསུངས་ཀྱང། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་གི་ས་བོན་གྱི་ཆ་ཡིན་པས་ཤེས་པ་ཡིན་པ་འཐད་ལ། འོན་ཀྱང་རྟོག་པ་མ་ཡིན་ཏེ། རྟོག་པའི་ས་བོན་ཙམ་ཡིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།