22574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་གྱི་སྦྱོར་ལམ་དྲོད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་མངོན་གྱུར་བ་དབལ་གཞོམ་པའི་ནུས་པ་གཙོ་བོར་ཐོབ་ཅིང་ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དང་པོར་དམིགས་པ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། དེ་ཆུང་འབྲིང་ཆེན་པོ་གསུམ་དུ་ཡོད། རྒྱུད་གཅིག་པའི་དབང་དུ་བྱས་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ལ་གནས་པའི་སེམས་དཔའི་རྒྱུད་ལ་དང་པོར་སྐྱེས་པ་དང༌། བར་དུ་སྐྱེས་པ་དང༌། ཐ་མར་སྐྱེས་པའི་ཐེག་ཆེན་གྱི་སྦྱོར་ལམ་རྣམ་པ་གསུམ་པོ་དེ་དེར་རིམ་པ་བཞིན་འཇོག་ལ། རྒྱུད་ཐ་དད་པའི་དབང་དུ་བྱས་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ལ་གནས་པའི་སེམས་དཔའ་དབང་པོ་རྟུལ་འབྲིང་རྣོ་གསུམ་གྱི་དེ་གསུམ་པོ་དེ་དེ་གསུམ་དུ་རིམ་པ་ལྟར་འཇོག་གོ །
Domain ཆོས་ལུགས།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་དྲོད་

|; |@@@ | | }}

ཐེག་ཆེན་གྱི་སྦྱོར་ལམ་དྲོད་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་ཀུན་བཏགས་མངོན་གྱུར་བ་འཇོམས་ནུས་པའི་ཤེས་རབ་གཙོ་བོར་ཐོབ་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་དང་པོ་དེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་མཚན་ཉིད་ཡིན། སྒྲ་བཤད་ནི། ཅིའི་ཕྱིར་སྦྱོར་ལམ་དྲོད་ཅེ་བྱ་ཞེ་ན། སྦྱོར་ལམ་དྲོད་དེ་ལ་དྲོད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཐོང་ལམ་མེ་ལྟ་བུར་འབྱུང་བའི་སྔ་ལྟས་སུ་གྱུར་པས་ན། དྲོད་ཅེས་བརྗོད་པ་ཡིན་པའི་ཕྱིར། ཐེག་ཆེན་སྦྱོར་ལམ་དྲོད་དེ་ལ་རྒྱུད་ཐ་དད་པའི་དབང་དུ་བྱས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆུང་ངུ་འབྲིང་ཆེན་པོ་རྒྱུད་གཅིག་པའི་དབང་དུ་བྱས་པའི་དེ་གསུམ་ཡོད་ཅིང་དེས་ཕྱི་མ་གསུམ་ལ་དབྱེ་ན་རིགས་བསྒྲེ། མཚན་གཞི་ནི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ལ་གནས་པའི་སེམས་དཔའ་དབང་རྟུལ་གྱི་རྒྱུད་ཀྱི་མཁྱེན་པ་རྣམས་རྒྱུད་ཐ་དད་པའི་དབང་དུ་བྱས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆུང་ངུ་དེ་ཡིན། དེ་འདྲའི་སེམས་དཔའ་དབང་འབྲིང་གི་རྒྱུད་ཀྱི་མཁྱེན་པ་རྒྱུད་ཐ་དད་པའི་དབང་དུ་བྱས་པའི་གཉིས་པ་དེ་ཡིན། དེ་འདྲའི་སེམས་དཔའ་དབང་རྣོན་གྱི་རྒྱུད་ཀྱི་མཁྱེན་པ་རྣམས་རྒྱུད་ཐ་དད་པའི་དབང་དུ་བྱས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆེན་པོ་དེ་ཡིན། རྒྱུད་གཅིག་པའི་དབང་དུ་བྱས་པའི་མཚན་གཞི་ནི། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་དེ་ལ་ཐོག་མཐའ་བར་གསུམ་དུ་ཕྱེ་བའི་ཐོག་མའི་ཡེ་ཤེས་རྣམས་དང་པོ་དེ་ཡིན། དེ་མན་ལ་དེ་ལྟར་ཕྱེ་བའི་བར་གྱི་ཡེ་ཤེས་གཉིས་པ་དེ་ཡིན། དེ་ལྟར་ཕྱེ་བའི་ཐ་མའི་ཡེ་ཤེས་རྣམས་གསུམ་པ་དེ་ཡིན། རྒྱུད་ཐ་དད་པའི་དབང་དུ་བྱས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆུང་ངུ་དེ་ཡིན་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆུང་ངུ་ཡིན་པས་མ་ཁྱབ་ཅིང༌། འབྲིང་དང་ཆེན་པོ་ལ་ཡང་དེ་ལྟར་མ་ཁྱབ་སྟེ། རྒྱུད་གཅིག་པའི་དབང་དུ་བྱས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆུང་ངུ་དང༌། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆུང་ངུ་གཉིས་དོན་གཅིག་པ་ནས་བཟུང་སྟེ། རྒྱུད་གཅིག་པའི་དབང་དུ་བྱས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆེན་པོ་དང༌། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆེན་པོ་གཉིས་དོན་གཅིག་པའི་ཕྱིར། དེ་ལྟར་ཡང་འགྲེལ་པ་འདི་ཉིད་ལས། ཆུང་ངུ་ལ་སོགས་པ་རིམ་གྱིས་སྐྱེ་བས་སམ། །བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་དབང་པོ་རྟུལ་པོ་ལ་སོགས་པ། གང་ཟག་གི་བྱེ་བྲག་གིས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཞེས་གསུངས་པའི་ཕྱིར། རིགས་པ་དེ་ལ་བརྟེན་ནས་ཉན་ཐོས་དང་རང་རྒྱལ་གྱི་སྦྱོར་ལམ་ལ་ཡང༌། དབྱེ་བ་དེ་ལྟར་ཤེས་པར་བྱའོ།

{{#arraymap:ཐེག་ཆེན་གྱི་སྦྱོར་ལམ་དྲོད་

|; |@@@ | | }}