From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། དབུ་མ་པ། ཐེག་ཆེན་སྒོམ་ལམ་སྒོམ་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཞིག་ལ་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ཞེས་ཟེར། དབྱེ་ན་དྲུག་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། སྐྱེས་བུ་བྱེད་པའི་འབྲས་བུ་བཞི། རྒྱུ་མཐུན་གྱི་འབྲས་བུ་གཅིག ། བདག་འབྲས་གཅིག་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བྱང་སེམས་སྒོམ་ལམ་པ་རང་རྒྱུད་ཀྱི་ལམ་གོང་འཕེལ་དུ་བྱེད་པའི་མཐུན་རྐྱེན་གྱི་རྒྱུའི་དབང་དུ་བྱས་པ་གཉིས་དང། རང་རྒྱུད་ཀྱི་འགལ་རྐྱེན་སེལ་བའི་རྒྱུའི་དབང་དུ་བྱས་པ་གཉིས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། རང་རྒྱུད་ཀྱི་ལམ་གོང་འཕེལ་དུ་བྱེད་པའི་ཉེར་ལེན་གྱི་རྒྱུ་སེམས་ཞི་བ་དང་དུལ་བར་བྱེད་པའི་ཡོན་ཏན་དང། དེའི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་རང་རྒྱུད་ཀྱི་ང་རྒྱལ་བསལ་ཏེ། དགེ་བའི་བཤེས་གཉེན་ཐམས་ཅད་ལ་གུས་པས་འདུད་པའི་ཡོན་ཏན་དང་གཉིས་སུ་ཡོད་པའི་ཕྱིར། ཕྱི་མ་གཉིས་ཡོད་དེ། ནང་གི་འགལ་རྐྱེན་ཉོན་མོངས་པ་དང༌བྲལ་བའི་ཡོན་ཏན་དང། ཕྱིའི་འགལ་རྐྱེན་ཕ་རོལ་གྱི་དུག་གམ་མཚོན་སོགས་ཀྱིས་མི་ཚུགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། ཐོབ་བྱའི་རྣམ་མཁྱེན་དེ་ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། བྱང་སེམས་སྒོམ་ལམ་པ་རང་ཉིད་གང་དུ་བཞུགས་པའི་ས་ཕྱོགས་དེ་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་གནས་སུ་འགྱུར་བའི་ཡོན་ཏན་དང་ལྡན་པའི་ཕྱིར། འདིར་རྣམ་སྨིན་གྱི་འབྲས་བུ་མི་འཆད་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་ཀྱི་སྒོམ་ལམ་དེ་རྣམ་སྨིན་གྱི་རྒྱུ་མ་ཡིན་པའི་ཕྱིར། དེ་ལྟར་ན་ཐེག་ཆེན་སྒོམ་ལམ་གྱི་བྱེད་པའི་ངོ་བོ་ཡོད་དེ། ཐེག་ཆེན་གྱི་སྒོམ་ལམ་ཐོབ་མྱོང་ཡན་ཆད་ཀྱི་ཐེག་ཆེན་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཞིག་ལ་འཇོག་པའི་ཕྱིར། ཞེས་གསུངས། ས་མཚམས་ཐེག་ཆེན་སྒོམ་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད།
|
| Domain
|
ཆོས་ལུགས།
|
ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཐེག་ཆེན་གྱི་སྒོམ་ལམ་ཐོབ་པ་སྔོན་དུ་སོང་ཞིང༌། ཐེག་ཆེན་གྱི་སྒོམ་ལམ་ལ་བརྟེན་ནས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ། ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ཡིན། དེ་དང་ཐེག་ཆེན་གྱི་སྒོམ་ལམ་གྱི་ཕན་ཡོན་དོན་གཅིག དེ་ལ་དབྱེ་ན་སྔར་བཤད་པ་ལྟར་དྲུག་ཡོད་དེ། ཐེག་ཆེན་གྱི་སྒོམ་ལམ་ལ་བརྟེན་ནས་རྣམ་གཡེངས་དང་བྲལ་ནས་དམིགས་པ་ལ་སེམས་ལས་རུང་དུ་སོང་བ་དང༌། ཐེག་ཆེན་གྱི་སྒོམ་ལམ་ལ་བརྟེན་ནས་ང་རྒྱལ་ཞི་ནས་སྐྱེ་བོ་གོང་མ་རྣམས་ལ་འདུད་པ་དང༌། དེ་ལ་བརྟེན་ནས་ཉོན་མོངས་རགས་པ་ཞི་བ་དང༌། དེ་ལ་བརྟེན་ནས་ཕ་རོལ་གྱི་གནོད་པས་མི་བརྫི་བ་དང༌། དེ་ལ་བརྟེན་ནས་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པ་རྣམས་སྐྱེས་བུའི་བྱེད་འབྲས་དང༌། ཐེག་ཆེན་སྒོམ་ལམ་པ་གང་དུ་བཞུགས་པའི་གནས་དེ། ཕྱག་བྱ་བའི་འོས་སུ་གྱུར་པ་དེ་བདག་འབྲས་སུ་གྱུར་པའི་དེ་ཡིན་ནོ། །
|