2263

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སྤངས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཀུན་སྤངས་རིན་པོ་ཆེ་ཤེས་རབ་རྒྱ་མཚོའམ'སྒྱུ་མའི་གར་མཁན་མཆོག་ནི། གཉལ་སྨོན་གྲུབ་རབ་བརྟན་ཞེས་པར། ཡབ་མདུན་ན་འདོན་ལྷ་བཟང་པ་དང༌། ཡུམ་བདེ་བའི་ལྷ་མོ་ཞེས་པའི་སྲས་སུ། རབ་བྱུང་བརྒྱད་པའི་ས་ཁྱི་ ༡༤༧༨ ལོར་འཁྲུངས། རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་རྣམ་རོལ་ཏུ་གྲགས། ཆེར་སྐྱེས་ནས་ཁབ་བཞེས་པས། སྲས་ཕོ་མོ་གཉིས་སྐྱེས་ཏེ། ཉེར་གསུམ་བར་ཁྱིམ་དུ་བཞུགས། དེ་ནས་ངེས་འབྱུང་དྲག་པོས་བསྐུལ་བས། བུ་དང་ཆུང་མ་སོགས་ཁྱིམ་གྱི་དཔལ་འབྱོར་ཐམས་ཅད་དོར་ནས། དབུས་ཕྱོགས་སུ་བྲོས། དེར་ཀར་འབྲུག། འབྲི་སྟག ། ས་དགེ་རྙིང་མ་སོགས་ཀྱི་བླ་མ་ཡོངས་གྲགས་དང༌། ཀུ་སཱ་ལི་ཚུན་ཆད་བསྟེན་ནས་གདམས་པ་གསན་པས། ཀུན་སྤངས་ཤེས་རབ་རྒྱ་མཚོ་ཞེས་གྲགས། ཁྱད་པར་འཇམ་དབྱངས་ཆོས་ཀྱི་གྲགས་པ་ལ། འཁོར་ལོ་སྡོམ་པའི་དབང་བཞི་གསན་དུས། བླ་མ་འཁོར་ལོ་སྡོམ་པ་དངོས་ཉིད་དུ་གཟིགས་པའི་མོད་ལ། མ་འོངས་པ་ན་ཁྱོད་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན། གཞན་ཡང་བདེ་དགྱེས་དུས་གསང་སོགས་ཀྱི་དབང་རྒྱུད་བཤད་དང༌། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་དང་ལྷན་ཅིག་སྐྱེས་སྦྱོར་སོགས་མན་ངག་ཐམས་ཅད་བསྩལ། དེ་དག་གི་གནད་ལ་ངེས་པ་འཁྲུངས། ཙ་རིར་བྱོན་དུས་རྡོ་རྗེ་གཡུ་སྒྲོན་མ་ལམ་གྲོགས་སུ་ཁུག་པས་རྩ་རླུང་མྱུར་བདེའི་ལམ་གྱི་སྣེ་ཟིན། རྡོ་རྗེ་རྣལ་འབྱོར་མའི་ཞལ་གཟིགས། དེས་རིགས་ཀྱི་ང་རྒྱལ་སྤང་བའི་ཕྱིར་སྤྱོད་པ་ལ་སོང་ཞིག་ཅེས་ལུང་བསྟན་པས། ལྭ་བ་ནག་པོ་ཞིག་སྐུ་ལ་གསོལ། མི་རྐང་ཕྱག་ཏུ་བསྣམས། ཞིང་གི་ཚལ་པ་ཞིག་གདན་དུ་བྱས་ཏེ། རོང་རི་ཐུལ་ཞེས་བྱ་བའི་དུར་ཁྲོད། ལྷ་འདྲེ་གདུག་པ་ཅན་གྱི་རྒྱུ་སྲང་ཞིག་ཏུ་བྱོན་ནས་བཞུགས་པས། མི་མ་ཡིན་གྱི་དམག་གིས་བསྐོར་ཏེ། ཐོག་འབེབས་པ། མེས་བསྲེགས་པ། རིའི་བར་དུ་བཙིར་བ། མཚོན་ཆ་འཕེན་པ་སོགས། ཅི་བྱས་ཐམས་ཅད་ནམ་མཁའ་སྟོང་པ་བཞིན་སོང་བས། འདི་ནི་སྒྱུ་མའི་གར་མཁན་ནོ། །ཞེས་བྱས་པས་མཚན་དེ་ལྟར་གྲགས། བླ་མའི་བཀའ་བཞིན་བཀྲ་ཤིས་མཐོང་སྨོན་གྱི་སྒྲུབ་སྡེར་ལོ་གསུམ་མའི་བཅད་རྒྱར་བཞུགས་ཚེ། མ་གཅིག་ལབ་སྒྲོན་གྱིས་གཅོད་དང་འཕོ་བའི་ཟབ་གནད་གནང་ཞིང༌། ལས་རྒྱ་མཛད་པས། སྙིང་གི་རྩ་མདུད་དྭངས་མ་གྲོལ་ནས། ཟག་མེད་བདེ་ཆེན་འབྱམས་པར་གྱུར། འཇིག་རྟེན་ན་རྗེ་བཙུན་བཙུན་མོ་ཅན་ཞེས་གྲགས། རིམ་གྱིས་མགྲིན་པའི་བར་དུ་བྱང་ཆུབ་ཀྱི་སེམས་བརྟན་ནས་རྡོ་རྗེའི་གླུའི་མཛོད་བརྡོལ་ཅིང༌། སྐུ་ཡང་བཀྲག་མདངས་ཅན་གྱི་གཞོན་ནུའི་ལང་ཚོ་ལ་གནས་པས། ཀུན་ཡ་མཚན་ནས་དད་པར་གྱུར། སྡེ་བ་བསྟན་འཛིན་ནོར་བུ་སྐུ་མཆེད་ཀྱིས་ཀྱང་ཏི་ཤྲིར་བཟུང་སྟེ་མཆོད། རྗེ་འཇམ་དབྱངས་ཆོས་གྲགས་ཀྱིས་གདུལ་བྱའི་ལྷག་མ་འདི་ཉིད་ལ་གཏད་དེ། མཐར་དགུང་ལོ་རེ་ལྔ་པ་ཆུ་སྟག་ ༡༥༤༢ ལོ་གསར་གྱི་ཚེས་བཅུ་དགུ་ལ་གཤེགས་སོ། །ཞལ་སློབ། ཀུན་མཁྱེན་པདྨ་དཀར་པོ། འབྲུག་པ་རིན་པོ་ཆེ་མཆེད། མཐུ་ཆེན་ཆོས་ཀྱི་མགོན་པོ། གཞན་ཡང་བཀའི་བདུད་རྩིས་ཡིད་སིམ་པའི་སྒོམ་ཆེན་བརྒྱ་ཕྲག་དུ་མས་གངས་ཅན་ལྗོངས་ཀྱི་རི་སུལ་རྣམས་གང་བར་བྱས་སོ། །

{{#arraymap:ཀུན་སྤངས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་

|; |@@@ | | }}