22638

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་ཆེན་སྦྱོར་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ཐེག་ཆེན་གྱི་བདེན་པ་མངོན་སུམ་དུ་མཐོང་བའི་ལམ་ལ་དངོས་སུ་སྦྱོར་བར་བྱེད་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་མཁྱེན་པ་ཞིག་ལ་ཐེག་ཆེན་སྦྱོར་ལམ་ཞེས་བྱའོ། །དེ་གསར་དུ་སྐྱེ་བའི་ལུས་རྟེན་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཐེག་ཆེན་པ་ལྟར་ན། སྦྱོར་ལམ་དང་པོ་གསུམ་འདོད་པའི་ལྷ་མི་དང་གཟུགས་ཀྱི་རྟེན་ལ་སྐྱེ་ཞིང། ཆོས་མཆོག་འདོད་པའི་རྟེན་ཁོ་ན་ལ་སྐྱེ་བའི་ཕྱིར། གཟུགས་ཀྱི་རྟེན་ལ་ཆོས་མཆོག་དངོས་སུ་གསར་དུ་སྐྱེ་བ་མེད་དེ། དེའི་རྟེན་ལ་མཐོང་ལམ་དངོས་སུ་གསར་དུ་སྐྱེ་བ་མེད་པ་གང་ཞིག དེ་གཉིས་གསར་དུ་སྐྱེ་བའི་ལུས་རྟེན་གཅིག་པའི་ཕྱིར་ཏེ། མཛོད་ལས། དེ་ནི་ཆོས་མཆོག་དང་ས་གཅིག ། ཞེས་གསུངས། གཉིས་པ་སེམས་རྟེན་ཡོད་དེ། སྤྱིར་སྦྱོར་ལམ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་དུ་གྱུར་པའི་བསམ་གཏན་ས་དྲུག་ཀ་ཡོད་ཅིང། ཐེག་ཆེན་གྱི་སྦྱོར་ལམ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་ཡིན་ན། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཡིན་དགོས་པའི་ཕྱིར། གཉིས་པ་ངོ་བོ་ནི། རང་རྒྱུ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་བའི་བདེན་པ་མངོན་པར་རྟོགས་པ་དང་རྗེས་སུ་མཐུན་པའི་ཐེག་ཆེན་གྱི་འཇིག་རྟེན་པའི་ལམ་དེ་ཐེག་ཆེན་སྦྱོར་ལམ་གྱི་འཇོག་བྱེད་ཡིན། གསུམ་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་ལ་གནས་སྐབས་ཀྱི་སྒོ་ནས་དབྱེ་ན། ཆུང་ངུ་འབྲིང་ཆེན་པོ་གསུམ། ངོ་བོའི་སྒོ་ནས་དབྱེ་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་དང་བཞི་ཡོད། བཞི་པ་སྐྱེ་ཚུལ་ནི། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་དེའི་རྒྱུད་ལ་སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ནམ་སྐྱེས་པ་ན་ཐེག་ཆེན་གྱི་སྦྱོར་ལམ་དུ་འཕོས་པ་ཡིན་ནོ། །
Domain ཆོས་ལུགས།