22654

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་དམན་གྱི་སྐྱབས་འགྲོ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སྐྱབས་འགྲོའི་རྒྱུ་ནི། ཉན་ཐོས་དང་རང་སངས་རྒྱས་ལ་འཇིགས་པ་དང་འདོད་པའང་ཡོད་མོད་ཀྱི་རྒྱུ་དད་པ་གཙོ་ཆེའོ། །སྐྱབས་ཡུལ། ཉན་ཐོས་ནི་དགེ་འདུན་གྱིས་གཙོར་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། རང་སངས་རྒྱས་ཆོས་ཀྱིས་གཙོར་བྱས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོའོ། །ཉན་ཐོས་དང་རང་སངས་རྒྱས་ནི་སངས་རྒྱས་ལ་སྐུ་གསུམ་མི་འདོད། རྡོ་རྗེ་གདན་དུ་སངས་རྒྱས་པའི་ཤཱཀྱ་ཐུབ་པ་ལ་སོགས་པ་དེ་ཉིད་སངས་རྒྱས་མཚན་ཉིད་པར་འདོད། ཆོས་ཀྱང་ཐེག་པ་ཆེན་པོ་མི་འདོད་ཉན་ཐོས་ཀྱི་གསུང་རབ་ཉིད་དུ་འདོད། དགེ་འདུན་ཡང་བྱང་སེམས་དཔའ་མི་འདོད་པར་ཉན་ཐོས་ཀྱི་གང་ཟག་བརྒྱད་ཉིད་འདོད་དོ། །དུས་ནི། ཉན་ཐོས་དང་རང་སངས་རྒྱས་ཇི་སྲིད་འཚོ་བ་ལས་མ་གཏོགས་པ་སྙིང་པོ་བྱང་ཆུབ་བར་གྱི་སྐྱབས་འགྲོ་མི་འདོད། ཆེད་དུ་བྱ་བ་ནི། ཉན་ཐོས་ནི་རང་དོན་དུ་དགྲ་བཅོམ་ཐོབ་པར་འདོད་པས་སྐྱབས་སུ་འགྲོའོ། །རང་སངས་རྒྱས་རང་དོན་དུ་རྟེན་འབྲེལ་རྟོགས་ནས་སངས་རྒྱས་མི་བཞུགས་པའི་ཞིང་དུ་རང་བྱུང་གི་ཡེ་ཤེས་ཐོབ་པར་འདོད་པས་སྐྱབས་སུ་འགྲོའོ། །ཞེས་ཆོས་རྗེ་ས་པཎ་གྱིས་ཐུབ་པའི་དགོངས་གསལ་ལས་གསུངས་སོ། །
Domain ཆོས་ལུགས།