22700

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་ (1)
Part of speech མིང་ཚིག
Definition དབུ་མའི་སྐོར། ཀུན་མཁྱེན་ཇོ་ནང་བ་རྟོན་པ་བཞི་ལྡན་གྱིས་མཛད་པའི་ཐེག་ཆེན་དབུ་མའི་ལྟ་གྲུབ་ཆོས་སྐོར་བཅུ་དྲུག་ཡོད་པའི་ཡ་གྱལ་ཞིག་སྟེ། གཞུང་འདིའི་འགྲེལ་བྱ་ནི་ཐེག་ཆེན་རྒྱུད་བླ་མའི་བསྟན་བཅོས་ཡིན་ལ། བརྗོད་བྱ་ནི་ངེས་དོན་མཐར་ཐུག་ཟབ་མོ་གཞན་སྟོང་དབུ་མ་བདེ་གཤེགས་སྙིང་བོ། གཞུང་དངོས་ལུས་ཀྱི་རྣམ་བཞག་རྡོ་རྗེའི་གནས་བདུན་གྱིས་བསྟན་པ་སྟེ། ཐོབ་བྱ་མཆོག་གསུམ་གྱི་ལན་ལག ཐོབ་ཚུལ་གནས་བཞིའི་ཡག་ལག་གཉིས་སུ་བསྡུས་ཡོད། དེ་ཡང་གཞུང་དེ་ལས། རྟོགས་པར་བྱ་བ་ཆོས་དབྱིངས་ཀྱི་དོན། རྟོགས་པའི་ངོ་བོ་བྱང་ཆུབ་ཀྱི་དོན། རྟོགས་པའི་ཡན་ལག་ཡོན་ཏན་གྱི་དོན། རྟོགས་པར་བྱེད་པ་འཕྲིན་ལས་ཀྱི་དོན་ནོ། །ཞེས་བྱུང་། ཇི་ལྟར་མཛད་པའི་ཚུལ་ཡང་གཞུང་དེའི་དབུར། འདིར་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས། དཔལ་ལྡན་འཕགས་པ་ཐོགས་མེད་ཀྱི་འགྲེལ་བ་དང་མཐུན་པར་འཆད་པ་ལ། ཞེས་བྱུང་། མཛད་པར་སྐུལ་བ་པོ་དང་མཛད་པའི་ཡུལ་ནི་གཞུང་དེའི་མཇུག་ཏུ། སྡེ་སྣོད་འཛིན་པ་དཔལ་ལྡན་བརྩོན་འགྲུས་དང་། ཕུན་ཚོགས་དཔལ་གཉིས་ཀྱིས་གསོལ་བ་བཏབ་པའི་ངོར། ཇོ་ནང་དཔལ་གྱི་རི་ཁྲོད་དུ། རྒྱལ་ཁམས་པ་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ། །ཞེས་བྱུང་། མཛད་པའི་དུས་ནི་གསལ་ཁ་མ་བཀོད་མོད། ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་དུས་འཁོར་བརྒྱུད་པའི་ལོ་རྒྱུས་སྐལ་བཟང་རྣ་བའི་དགའ་སྟོན་དུ། སྟག་ལོ་ལ་ལོ་ཙཱ་བ་བློ་གྲོས་དཔལ་གདན་སར་བསྐོས། གཟིམ་ཁང་བདེ་བ་ཅན་དུ་བཞུགས་ནས་རི་ཆོས་ངེས་དོན་རྒྱ་མཚོ། མངོན་རྟོགས་རྒྱན་དང་། རྒྱུད་བླའི་ཊཱིཀྐ་རྣམས་མཛད། ཅེས་གསུངས་པ་ལྟར་ན་ཕྱི་ལོ་༡༣༣༨-༡༣༥༤དགུང་ལོ་ཞེ་དྲུག་ནས་དྲུག་ཅུ་རེ་གཉིས་བར་ཁེལ་འདུག