2281

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་སློང་གི་དགེ་བ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། དགེ་བ་བཞིའི་ཡ་གྱལ་ཞིག་སྟེ། རང་ཉིད་དགེ་བར་འགྱུར་བ་ངོ་བོ་ཉིད་ཀྱི་དགེ་བ་དང་མཚུངས་ལྡན་གྱི་དགེ་བ་གང་རུང་གིས་ཀུན་ནས་བསླངས་པ་ལ་བལྟོས་དགོས་པའི་དགེ་བ་སྟེ། དཔེར་ན་ངོ་བོ་ཉིད་ཀྱི་དགེ་བས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་དང༌། དེ་དག་གི་ཐོབ་པ་དང༌། མཚན་ཉིད་སྐྱེ་སོགས་དང༌། སེམས་མེད་པའི་སྙོམས་འཇུག་གཉིས་རྣམས་ཡིན་ཏེ། མཆིམས་མཛོད་ལས། ངོ་བོ་ཉིད་དང་མཚུངས་ལྡན་དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བའི་ལས་རྣམས་དང༌། སོགས་པའི་སྒྲས་གཟུང་བ་ཐོབ་པ་དང་མཚན་ཉིད་དང་སེམས་མེད་པའི་སྙོམས་འཇུག་གཉིས་པོ་རྣམས་ནི། སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་ལྟར་ཀུན་ནས་སློང་བས་དགེ་བ་ཡིན་ནོ། །ཞེས་དང་། ཟག་མེད་དགེ་བ་ལ་ཀུན་སློང་གི་དགེ་བ་ཡོད་དེ། སེར་སྨད་རྒྱལ་དབང་མཛོད་ལས། ཟག་མེད་ཀྱི་སེམས་ཀྱི་ངོ་བོར་གྱུར་པའི་ཀུན་སློང་མེད་ཅིང༌། ཟག་མེད་ཀྱི་སྡོམ་པ་ད་ལྟ་བ་དང་དུས་མཉམ་དུ་འཇུག་པའི་དུས་ཀྱི་ཀུན་སློང་མེད་ཀྱང་འདོད་པའི་གང་ཟག་གིས་ཟག་མེད་ལ་མཉམ་པར་མ་བཞག་གོང་དུ་འདོད་སེམས་ཀྱིས་ཟག་མེད་ཀྱི་སྡོམ་པའི་རྒྱུའི་ཀུན་སློང་བྱེད་པ་ནི་ཡོད་པའི་ཕྱིར། དེ་ལ་འགྲེལ་པ་མངོན་པའི་རྒྱན་དུ། དེ་སྐལ་བ་མི་མཉམ་པས་ཀུན་ནས་སློང་བྱེད་མ་ཡིན་པར་གསུངས་པ་ནི། བྱེ་སྨྲའི་འདོད་ཚུལ་ལ་སྐལ་བ་མི་མཉམ་པའི་གནོད་བྱེད་བསྟན་པ་ཡིན་པ་ལས། བྱེ་སྨྲའི་རང་ལུགས་སུ་བསྟན་པ་མ་ཡིན་པ་ནི། འགྲེལ་པ་དེའི་གོང་འོག་གི་ཚིག་རིས་ཀུན་ལ་བརྟགས་ན་ཤེས་སོ། །དེའི་ཕྱིར་ལམ་བདེན་ལ་ཀུན་སློང་གི་དགེ་བ་ཡང་ངེས་པར་བཞག་ཆོག་པ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།
ཀུན་སློང་གི་དགེ་བ་ (2)
Part of speech མིང་ཚིག
Definition དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཁྲེལ་ཡོད་པ་སོགས་དང་མཚུངས་པར་ལྡན་པའི་ཆོས་དེ་དག་ཁོ་ནས་ཀུན་ནས་སློང་བའི་ལུས་དང་ངག་གི་ལས་དང་བྱ་བ་དང་སྐྱེ་བ་ལ་སོགས་དང་ཐོབ་པ་དང་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་རྣམས་ཀུན་ནས་སློང་བའི་དགེ་བ་ཡིན་ཏེ། སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ། །བསྐལ་པ་མི་མཉམ་པའི་སེམས་ཀྱི་ཀུན་ནས་སློང་བའི་ཐོབ་པ་རྣམས་ཇི་ལྟར་དགེ་བ་ཉིད་ཡིན་པ་ནི་བརྗོད་དགོས་སོ། །
ཀུན་སློང་གི་དགེ་བ་ (3)
Part of speech མིང་ཚིག
Definition ངོ་བོ་ཉིད་དང་མཚུངས་ལྡན་དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བ་དང་། དེ་དག་གི་མཚན་ཉིད་སྐྱེ་སོགས་བཞི་དང་། ཐོབ་པ་དང་། སྙོམས་འཇུག་གཉིས་དང་། བཅས་པ་རྣམས་ནི་ཀུན་སློང་གི་དགེ་བ་ཡིན་ཏེ། ཀུན་སློང་དགེ་བས་ཀུན་ནས་བསླངས་པའི་སྟོབས་ཀྱིས་དགེ་བར་སྐྱེས་པའི་ཕྱིར། དཔེར་ན་སྨན་དང་སྦྱར་བའི་བཏུང་བ་ལས་བྱུང་བའི་བཟའ་བཏུང་གི་ཁྱད་པར་འགའ་ཞིག་བཞིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །