22881
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྲུག་པ་ཀུན་དགའ་རྒྱ་མཚོའམ་གྲུ་གུའི་ཁྲི་འཛིན་དང་པོ་ཆོས་རྒྱལ་ཀུན་དགའ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་པའི་ས་སྟག་ཕྱི་ལོ ༡༦༣༨ ལ་མདོ་སྟོད་ལྷོ་ཚ་བ་སྒང་དུ། ཡུམ་ཁྲོམ་བཟའ་མེ་ཏོག་མའི་སྲས་སུ་སྐུ་འཁྲུངས། རྗེ་འདི་འཛི་སྒར་བསོད་ནམས་རྒྱ་མཚོའི་དབོན་པོར་འཁྲུངས། གྲུབ་དབང་ཀུན་དགའ་བསྟན་འཕེལ་དང་། འཛི་སྒར་བསོད་ནམས་རྒྱ་མཚོ་བླ་མ་གཙོ་བོར་མཛད། གཞན་ཡང་རིས་མེད་སྐྱེས་ཆེན་མང་དུ་བསྟེན། ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱ་ཆེ། སྐུ་ཚེའི་སྨད་ལ། བྲག་གཡབ། ཆབ་མདོ་བེ་རུ། ལྷ་ཐོག་ཕྱོགས་ཀུན་ལ་གདུལ་བྱ་ཕྲིན་ལས་འགྲོ་ཕན་གྱི་མཚན་སྙན་འཕེལ། ལྷ་ཐོག་རྒྱལ་མོ་ཇོ་མོ་ཆོས་སྐྱིད་ཀྱིས་རྡོ་རྗེ་ཕྲེང་བའི་དབང་ཞུས་པའི་ཡོན་དུ། གྲུ་གུ་ཡེ་བརྫུ་གནས་དང་ཉེ་སྐོར་གྱི་ས་ཁྱོན་ཆེ་ཙམ་ཆོས་སྡེའི་གདན་སར་ཕུལ། ད་ལྟ་དྲིལ་སྐྱིད་དུ་གྲགས་པའི་སར་ཕེབས་པ་དང་། ཆིབས་དྲེལ་ཉལ་ནས་གཞན་དུ་འགྲོར་མ་ཉན་པས་ས་དཔྱད་དགོངས་ཕྱོགས་རྟེན་འབྲེལ་རྣམས་ལེགས་མཐུན་གྱིས་དེའི་ལུང་པའི་སྟོད་དར་ཐག་ཕུག་ཏུ་སྒྲུབ་པའི་སྡེ་བཙུགས་ནས་བཞུགས། དགུང་གྲངས་ཞེ་དགུ་མེ་འབྲུག ༡༦༧༦ ལོར། གྲུ་གུ་དགོན་བདེ་ཆེན་བསམ་གཏན་འོད་གསལ་ཆོས་གླིང་ཐོག་མར་ལྷ་བྲག་ཡར་དགོན་སྟེང་དུ་ཕྱག་བཏབ། དྲིལ་སྐྱིད་དར་ཐག་ཕུག་ལ་སྐུ་མཚམས་ལ་བཞུགས་པར། མགོན་པོའི་སྤྲུལ་པ་ལྷ་བྲིས་ཞིག་བྱུང་བར། འབྲུག་ལུགས་མགོན་མང་ཞལ་ཐང་གཙོ་འཁོར་བཀོད་པ་རྒྱས་སྤྲོས་ཅན་ཞིག་བཞེངས་བཅུག་པས། ལྷ་བྲིས་པ་དེས་ཕྱག་བཞི་སྤྲུལ་ནས། གཅིག་གིས་བྲིས། གཅིག་གིས་མཚོན། གཅིག་གིས་མདངས་རྒྱབ། གཅིག་གིས་གསེར་རིས་སོགས་མཐའ་ཕུད་ནས་ཞག་པོ་སུམ་ཅུ་སོ་བཞིའི་ནང་ཐང་ཀ་སུམ་ཅུ་སོ་བཞི་གྲུབ་པར་མཛད་པ་ལ་ཡོན་ཕུལ་ནས། རབ་གནས་མཛད་པ་དང་། ལྷ་བྲིས་པ་དེ་སྐུ་དངོས་གཙོ་བོའི་ཞལ་ཐང་ལ་ཐིམ་སོང་བ་གྲུ་གུར་སྔར་ནས་བཤད་སྲོལ་སྣང་། གང་ལྟར་རིག་གནས་གསར་བརྗེའི་སྐབས། ཐང་ཀ་འདི་རྣམས་ལས་ཁ་ཤས་ཉར་སྲུང་ཐུབ་པ་མཇལ་དུས། རི་མོའི་ཉམས་འགྱུར་མཚོན་མདངས་སོགས་བོད་ལ་ཡང་དཀོན་པའི་ཁྱད་ཆོས་ཡོད། གསེར་དངུལ་ཁོ་ནས་བྲིས་པའི་བཀའ་བསྟན་དང་། བླ་མ་བརྒྱུད་པའི་བཀའ་འབུམ་སོགས། པོད་གྲངས་བརྒྱ་ཕྲག་ཁ་ཤས་ལ་དབུ་ལྷ་དང་ཐུམ་གླེགས་ཤིང་། གླེགས་ཐག་སོགས་རིན་ཐང་ནོམ་པ་ཆེ་བ་ལྡན་པ་བཞེངས། སྒྲུབ་སྡེར་གདམས་སྐོར་ཕྱག་རྒྱུན་ཤིན་ཏུ་ཁུངས་བཙུན་པ་བྱུང་། རྗེ་འདིས་བསྟན་འགྲོ་སྤྱི་དང་། སྒྲུབ་བརྒྱུད་ཀྱི་སྲོལ་བཟང་པོ། ཡར་དགོན་སྟེང་། ལྷ་བྲག་ཡང་རྫོང། དྲིལ་སྐྱིད། སྒོམ་ལུང་ཡར་མར་སོགས་ལ་འཛུགས་མཛད་པ་དང་། དེ་དག་ལ་ཆོས་ཁྲི་ཡོད་པ་རྣམས་ཀྱི་ཤུལ་ཁ་ཤས་དེ་ནས་བཟུང་མ་ཉམས་པར་བཞུགས་བཞིན་པ་ལགས། མཐར་རབ་བྱུང་བཅུ་གཉིས་མེ་གླང་ཕྱི་ལོ་ ༡༦༩༧ ལ་དགོངས་པ་ཞི་བར་གཤེགས། གདུང་བཞུ་བའི་སྐབས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། དབུ་ཐོད་ལ་ཨ་རང་བྱོན་ཕེབས་པ་གྲུ་གུའི་ནང་རྟེན་དུ་བཞུགས། |