22917
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༧༩༢ ལོར་སོག་ཡུལ་དུ་ཡབ་དཔལ་མཆོག་དང་། ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། འདས་ལོ་མི་གསལ། བྱིས་དུས་ཀྱི་མིང་ལ་འཇམ་དཔལ་རྡོ་རྗེ་ཞུ། བདུན་ནས་སོག་ཡིག་དང་། མན་ཇུའི་ཡི་གེ་བསླབས། བཅུ་དགུ་པར་ཁྱིམ་ཐབ་བསུས། སྲས་གཉིས་བཙས། ཉེར་གསུམ་པར་རྩིས་ཐང་མཁན་པོ་ངག་དབང་ཤེས་རབ་ལས་བྱང་ཆུབ་ལམ་རིམ་གྱི་ཁྲིད་ཞུས། ཉེར་ལྔ་བར་འཁོར་བ་ལ་ངེས་འབྱུང་སྐྱེས། རྩིས་ཐང་མཁན་ཆེན་ལ་སྐྲ་ཕུད་ཕུལ། དགེ་བསྙེན་བསྒྲུབས། བློ་བཟང་ཚེ་འཕེལ་དང་། སྒོ་མང་མཁན་པོ་མཐུ་སྟོབས་ཉི་མ་སོགས་ལས་རྒྱལ་བའི་བཀའ་དང་། བསྟན་འགྱུར་དང་། དབང་ཁྲིད་བཅས་ཀྱི་ལུང་རྒྱུན་གསན། ཉེར་བདུན་པར་གཙང་དུ་ཕེབས། ལྷ་རྩེ་བ་ཡེ་ཤེས་བསྟན་འཛིན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་ཞེས་གསོལ། ཉེར་བརྒྱད་པར་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་ཆེན་དག་ལོ་གཉིས་རིང་སྦྱངས། སུམ་ཅུ་བར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། གུང་ཐང་བསྟན་པའི་སྒྲོན་མེ་དང་། དངུལ་ཆུ་བླ་མ་དབང་ཕྱུག་ཆོས་བཟང་། གསེར་ཁང་བློ་བཟང་བསྟན་འཛིན་རྒྱ་མཚོ། དབལ་མང་དཀོན་མཆོག་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན། དབང་ལུང་མན་ངག་མང་དུ་གསན། རི་བོ་རྩེ་ལྔ་དང་། གཙང་། ས་སྐྱ། ངོར་དགོན། ཞྭ་ལི། སྟོད་ལུང་། འཕན་པོ། སྟག་ལུང་། ཡེར་པ་ལྷ་རི་སོགས་སུ་གནས་མཇལ་དུ་ཕེབས། ང་ལྔ་ནས་རེ་གཅིག་བར་འབྲས་སྤུངས་ནས་བཀའ་ཆོས་གནང་། རེ་གཉིས་པར་ཁམས་འདུ་བིར་ཕེབས། རེ་གསུམ་པར་འབྲས་སྤུངས་ནས་བཀའ་ཆོས་གསུངས། རེ་བཞི་བར་སྐུ་གཤེགས། འདས་ལོ་མི་གསལ། གསུང་རྩོམ་ནི་དཔལ་ལྡན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ཆོ་ག་ནོར་བུའི་ཕྲེང་བ་དང་། རྗེ་བཙུན་འཇམ་དབྱངས་ཀྱི་སྐྱེས་རབས་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བཅས་ཆོས་ཚན་དོན་བརྒྱད་ལོངས་པའི་པོད་གཉིས་བཞུགས། |