23070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོད་པའམ་བཏུང་བའི་སྣོད་ (1)
Part of speech མིང་ཚིག
Definition བླ་མ་དང་དཀྱིལ་འཁོར་གྱི་ལྷ་དང་དཔའ་བོ་དང་རྣལ་འབྱོར་མ་དག་ལ་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོའི་སྟོན་མོ་དང་། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་གནས་སྐབས་ལ་སོགས་པ་དུས་ཁྱད་པར་བ་དང་། དུས་ནར་མ་བའི་ཚེ་བདག་དང་ལྷ་ལ་སོགས་པ་བདུད་རྩིའི་མཆོད་པས་ཚིམ་པར་བྱེད་པའི་བཏུང་བའི་སྣོད་དང་། ལྷ་དང་མཁའ་འགྲོ་ཆོས་སྐྱོང་དང་འབྱུང་པོ་ལ་སོགས་པ་གཏོར་མས་ཚིམ་པར་བྱ་བའི་སྣོད་རྣལ་འབྱོར་བའི་ལྷུང་བཟེད་ཅེས་གསུངས་པ་ནི་ཐོད་པ་ཡིན་པས་འདིར་དེའི་རྣམ་བཞག་བཤད་པར་བྱ་སྟེ། དེ་ལ་སྡོམ་འབྱུང་གི་ལེའུ་བཅོ་ལྔ་ལས། འཇིམ་པའི་རང་བཞིན་རུས་སྦལ་སྐྱེས། །དེ་བཞིན་འཁར་བ་ཟངས་ལྕགས་སྐྱེས། །གསེར་སྐྱེས་དངུལ་ལས་སྐྱེས་པ་ཡང་། །དུང་སྐྱེས་དེ་བཞིན་ཉ་ཕྱིས་སྐྱེས། །ན་རི་ཀེ་ལ་གཙོ་བོ་མཆོག། །དེ་བཞིན་གཞན་ལས་གང་བྱུང་བ། །རྭ་ལས་བྱུང་དང་ཤིང་སྣོད་སོགས། །གཞན་ཡང་རྡོ་སྣོད་ཁྱད་པར་རོ། །ཞེས་གསུངས་པ་ནི་སྡོམ་འབྱུང་གི་འགྲེལ་བར། འཇིམ་པ་ལ་སོགས་པ་རྣམས་ཀྱི་ཡང་པདྨའི་སྣོད་རྣམ་པར་བྱས་པ་ཉིད་ཀྱི་ཕྱིར་པདྨའི་སྣོད་ཉིད་དོ། །ཞེས་ཐོད་པ་དངོས་མེད་ན་རྒྱུ་དེ་དག་ལས་ཐོད་པའི་དབྱིབས་ཀྱི་རྣམ་པར་བྱ་བ་འཆད་ལ། གཞན་དག་ནི་ཐོད་པ་མེད་ན་དེ་དག་ལས་བྱས་པའི་སྣོད་གང་ཡང་རུང་བ་ཞེས་འཆད་དོ། །ན་རི་ཀེ་ལ་དང་ཉ་ཕྱིས་དང་རུས་སྦལ་གྱི་ཁོག་པ་རྣམས་ནི་རང་བཞིན་གྱི་ཐོད་པ་དང་དབྱིབས་མཐུན་དུ་འབྱུང་ལ། གཞན་རྣམས་འགྲེལ་བ་ལྟར་བྱས་ན་ལེགས་ཤིང་ན་རི་ཀེ་ལའི་དོད་ལ་འགྱུར་རྙིང་ལས། བལ་བོ་སེའུ་ཞེས་འབྱུང་བ་འགྱུར་མ་ལེགས་སོ། །བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་བདུད་རྩི་གང་དུ་འདུ་འཕྲོད་བྱས་པས་བདེ་ཆེན་སྐྱོང་བའི་གནས་ནི་ཕྱག་རྒྱའི་པདྨ་ཡིན་པས། དེའི་ཕྱིར་ཐོད་པ་པདྨའི་སྣོད་ཅེས་བྱའོ། །