23094
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། མཚན་ཉིད་ནི། སྦྱོར་བ་སེངྒེ་རྣམ་བསྒྱིངས་སྔོན་དུ་སོང་ནས་དངོས་གཞི་ཐོད་རྒལ་འབྲིང་པོའི་ཆེད་དུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ཆོས་གཞན་མ་སྤེལ་བར་ལུགས་མཐུན་ཁོ་ནར་སྙོམས་པར་འཇུག་པའི་གནས་སྐབས་ཀྱི་སེམས་དཔའི་རྣལ་འབྱོར་དང་། དངོས་གཞི་ཐོད་རྒལ་ཆུང་ངུ་སྔོན་དུ་སོང་ནས་དངོས་གཞི་ཐོད་རྒལ་ཆེན་པོའི་ཆེད་དུ་འགོག་པ་སྤེལ་བའི་རིགས་སུ་གནས་པའི་སྙོམས་འཇུག་དང་། མཚམས་འཛིན་གྱི་འདོད་སེམས་ཀྱི་རྗེས་སུ་སྙོམས་འཇུག་དགུ་འདོད་སེམས་རེ་རེ་སྤེལ་ནས་ལུགས་ལྡོག་ཏུ་འཇུག་པའི་གནས་སྐབས་ཀྱི་ཐེག་ཆེན་རྗེས་ལ་ཐོབ་པའི་མངོན་རྟོགས་སོ། །དགོས་པ་ནི་ས་བདུན་པ་མན་དུ་དབང་ཐོབ་པའི་ཆེད་དུ་འཇུག་ལ། ས་བརྒྱད་པ་ཡན་ཆད་དུ་མཐར་ཕྱིན་པའི་ཆེད་དུ་འཇུག་གོ ། ས་མཚམས་ནི། ས་གཉིས་པ་ནས་ཐོབ་སྟེ། འཕགས་པ་དཀོན་མཆོག་སྤྲིན་དང་སྡུད་པ་ལས། བསྐལ་པ་གྲངས་མེད་པ་གཉིས་ཀྱི་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཐོད་རྒལ་ལ་སྙོམས་པར་འཇུག་པར་བཤད་པ་གང་ཞིག ས་གཉིས་པ་ནས་བསྐལ་པ་གྲངས་མེད་པ་གཉིས་ཀྱིས་ངེས་པར་འབྱུང་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ཐོད་རྒལ་ཆུང་ངུའི་དུས་སུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་སྙོམས་པར་འཇུག་སྟེ། དགུ་པོ་འདིས་སེམས་གནས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །ཐོད་རྒལ་འབྲིང་པོའི་དུས་སུ་འགོག་སྙོམས་མ་གཏོགས་པའི་སྙོམས་འཇུག་བརྒྱད་ལ་འགོག་པ་རེ་སྤེལ་ནས་སྙོམས་པར་འཇུག་གོ ། འདིར་འགོག་སྙོམས་སྤེལ་བའི་སྐབས་ཡིན་པས། གནས་ཀྱི་འགོག་པ་ལ་ལོགས་སུ་འཇུག་མི་དགོས་པས་ནུད་ཆུང་དང་བཅུ་བདུན་ནོ། །ཐོད་རྒལ་ཆེན་པོ་ལ་ནི་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་འདོད་སེམས་རེ་སྤེལ་ནས་ལུགས་མི་མཐུན་དུ་འཇུག་གོ ། འདིར་འགོག་པ་དང་འདོད་སེམས་སྤེལ་བ་ནི། ཞི་བ་དང་མ་ཞི་བ་མཐར་ཐུག་པ་ཡིན་པས་འདི་གཉིས་སྤེལ་ཏེ་བསྒོམས་པས་སྙོམས་འཇུག་ལ་ཇི་ལྟར་འདོད་པ་བཞིན་དབང་ཐོབ་པར་འགྱུར་བ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཐོད་རྒལ་གྱི་སྦྱོར་བ་གཉིས་སྔོན་དུ་སོང་ནས། མཐར་གནས་ཀྱི་སྙོམས་འཇུག་ལ་རིགས་མི་མཐུན་བརྒལ་ནས་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་དེ་དངོས་གཞི་ཐོད་རྒལ་གྱི་སྙོམས་འཇུག་གི་མཚན་ཉིད། དེ་ཡང་བསམ་གཏན་དང་པོ་ཟག་བཅས་ནས། གསུམ་པ་ཟག་མེད། དེ་ནས་ནམ་མཁའ་མཐའ་ཡས་ཟག་བཅས། དེ་ནས་ཅི་ཡང་མེད་ཟག་མེད། དེ་བཞིན་དུ་ཅི་ཡང་མེད་ཟག་བཅས་ནས་ནམ་མཁའ་མཐའ་ཡས་ཟག་མེད་སོགས་ལུགས་མི་མཐུན་ལ་ཡང་འཇུག་པ་ཡིན་ནོ། །གསུམ་པ་བརྒལ་ནས་བཞི་པ་ལ་འཇུག་མི་ནུས་ཏེ། བཞི་པ་ནི་ཤིན་ཏུ་རིང་བའི་ཕྱིར། རྟེན་ནི་བློ་གསལ་བས་གླིང་གསུམ་གྱི་མིའི་རྟེན་དང་། གང་གི་རྒྱུད་ལ་ལྡན་པ་ནི་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཁོ་ན་ཡིན་ཏེ། མཛོད་རང་འགྲེལ་ལས། མི་རྣམས་ཀྱི་ནང་ཁོ་ནར་བསྐྱེད་ཅིང་ལྷ་དག་གི་ནང་དུ་མ་ཡིན་ནོ། །སུ་ལ་སྐྱེ་ཞེ་ན། མི་གཡོ་བ་ལ་ཡིན་གྱི་དགྲ་བཅོམ་པ་གཞན་ལ་ནི་མ་ཡིན་ནོ་ཞེས་པ་དེ་ཐོད་རྒལ་ལ་ཡང་སྦྱོར་རིགས་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཐོད་རྒལ་གྱི་སྙོམས་འཇུག་
|; |@@@ | | }}