23102

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོད་རྒལ་སྙོམས་འཇུག་ (1)
Part of speech མིང་ཚིག
Definition ཏིང་ངེ་འཛིན་རིམ་གྱིས་བསྒོམ་པ་ལ་མ་ལྟོས་པར་རིམ་འདས་ཀྱི་སྒོ་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་ཟག་བཅས་ཀྱི་ས་བརྒྱད་དང་ཟག་མེད་ཀྱི་ས་བདུན་ཏེ་དེ་ལྟར་ཟག་བཅས་དང་ཟག་མེད་དག་ལ་མཉམ་པར་འཇོག་པའི་རྩལ་སྦྱོང་གི་སྙོམས་འཇུག་ཤིག་གོ ། དེ་ཡང་སྦྱོར་ཚུལ་ལ་སྦྱོར་བ་དང་དངོས་གཞི་གཉིས། དང་པོ་ལའང་གཉིས་ལས་རིང་སྦྱོར་བ་ནི། འབྲེལ་བ་སྟེ་ཐོག་མར་ཟག་བཅས་ཀྱི་ས་བརྒྱད་དང་ཟག་མེད་ཀྱི་ས་བདུན་དང་རིས་མ་བོར་བར་ལུགས་དང་མཐུན་པར་གོ་རིམ་བཞིན་དུ་སོང་ཞིང་ལུགས་དང་མི་མཐུན་པར་གོ་རིམ་བཞིན་དུ་འོངས་ནས་སྙོམས་པར་འཇུག་པའོ། །ཉེ་བའི་སྦྱོར་བ་ནི་ཕྱིས་སུ་ཟག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་ཟག་པ་དང་བཅས་པའི་གསུམ་པར་འགྲོ་ཞིང་དེ་ནས་ནམ་མཁའ་མཐའ་ཡས་ལ། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་རེ་རེ་རྒལ་ནས་ལུགས་དང་མཐུན་པར་ཡར་སོང་ཞིང་། དེ་བཞིན་དུ་ལུགས་དང་མི་མཐུན་པ་ཡང་བྱང་བར་བྱས་ནས་ཟག་མེད་པ་རྣམས་ཀྱང་རེ་རེ་རྒལ་ཞིང་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་པ་ནི་ཐོད་རྒལ་དུ་སྙོམས་པར་འཇུག་པའི་སྦྱོར་བ་ཡིན་ནོ། །གཉིས་པ་དངོས་གཞི་ནི་གང་གི་ཚེ་ཟག་པ་དང་བཅས་པ་དང་པོ་ནས་ཟག་པ་མེད་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ནི་ཟག་པ་དང་བཅས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ། དེ་ནས་ནི་ཟག་པ་མེད་པ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་། དེ་བཞིན་ལུགས་དང་མི་མཐུན་པར་ཡང་སྙོམས་པར་འཇུག་པ་དེའི་ཚེ་རིས་མི་མཐུན་པའི་རྫས་གསུམ་པར་འགྲོ་བའི་ཐོད་རྒལ་གྱི་ནི་སྙོམས་འཇུག་མངོན་པར་གྲུབ་པ་ཡིན་ནོ། །ཤིན་ཏུ་རིང་བའི་ཕྱིར་བཞི་པ་ལ་ནི་སྙོམས་པར་མི་འཇུག་གོ ། དེ་ཡང་ཉོན་མོངས་པ་མེད་པའི་ཕྱིར་དང་། ཏིང་ངེ་འཛིན་ལ་དབང་བའི་ཕྱིར་གླིང་གསུམ་དུ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཁོ་ནས་སྐྱེད་པར་བྱེད་དོ། །
Domain ཆོས་ལུགས།