23154

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐོབ་པ་སྔར་སྐྱེས་ཡོད་པའི་མ་འོངས་པའི་ཐོབ་པ་དུས་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཐོབ་པ་མུ་དགུ་ནང་གི་མ་འོངས་པའི་ཐོབ་པ་དུས་གསུམ་ལ་འཇོག་ཚུལ་གཉིས་ཡོད་པའི་ཡ་གྱལ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཡང༌གོང་གི་འགྲེལ་པ་མངོན་པའི་རྒྱན་གྱི་མཆན་བུར། ཆོས་མ་འོངས་པ་ལས་ཀྱང༌། དེའི་ཐོབ་པ་ད་ལྟར་བ་དང༌། འདས་པར་འཕོ་བ་ཡོད་པར་འདོད་པས་སོ། །ཞེས་གསུངས་པ་ནི་མ་འོངས་པ་སྐྱེ་བའི་ཆོས་ཅན་ཐོབ་པ་སྔར་སྐྱེས་ཡོད་པ་རྣམས་ཀྱི་དབང་དུ་མཛད་པ་ཡིན་ལ། དེ་ལ་ནི་ཆོས་དེ་མ་འོངས་པའི་ངོ་བོར་གནས་བཞིན་དུ་དེའི་ཐོབ་པ་ད་ལྟར་བ་དང༌། འདས་པར་འཕོས་པ་ཡོད་ཅིང༌། དེ་དག་གི་འཕོས་ཚུལ་ཡང་གོང་དུ་རྒྱས་པར་བཤད་ཟིན་ཏོ། །འོ་ན་མ་འོངས་པའི་ཐོབ་པ་སྔར་སྐྱེས་དེ་དེའི་ཐོབ་པ་དུས་གསུམ་གང་ཡིན་ཞེ་ན། ཐོབ་པ་ད་ལྟར་བའི་ངོ་བོར་སྐྱེས་པ་དེ་ནི་དེའི་ཐོབ་པ་ད་ལྟར་བ་ཡིན་ལ། གོང་གི་བརྗོད་ཚུལ་ལྟར་ན་ཐོབ་བྱའི་ཆོས་དེ་མ་འོངས་པའི་ངོ་བོར་གནས་བཞིན་དུ་དེའི་ཐོབ་པ་འདས་པར་འཕོས་པ་ཡང་འདོད་འདྲ་བས་དེ་ལྟར་འདོད་ན་ནི། དེ་ཡང་ཆོས་དེའི་ཐོབ་པ་འདས་པར་འཇོག་དགོས་སོ། །ཞེས་དང་། ༡༦༥ འོ་ན་ཆོས་དེ་མ་འདས་གོང་དུ་དེའི་ཐོབ་པ་འདས་པ་ཡང་མི་སྲིད་པར་འགྱུར་རོ་ཞེ་ན། དེ་ནི་ཡོད་དེ། ཐོག་མར་སྐྱེ་བའི་སྐབས་སུ་ཆོས་དེ་མ་སྐྱེས་གོང་དུ་དེའི་ཐོབ་པ་སྐྱེས་པ་ལྟར་འདས་པའི་ཚེ་ན་ཡང་གོ་རིམ་བཞིན་དུ་འདས་པའི་ཕྱིར་ཏེ། དཔེར་ན་སྐྱེས་ཐོབ་ཀྱི་བསམ་གཏན་གྱི་སྡོམ་པ་ལྟ་བུ་ལ་མཚོན་ན། ཐོག་མར་བསམ་གཏན་གྱི་སྡོམ་པ་སྐད་ཅིག་དང་པོ་མ་འོངས་པ་ཐོབ་པའི་ཚེ། ཐོབ་བྱའི་ཆོས་དེ་མ་འོངས་པའི་ངོ་བོར་གནས་ཀྱང་ཐོབ་པ་ད་ལྟར་བའི་ངོ་བོར་སྐྱེས་པ་ལ་ཐོབ་པ་སྔར་སྐྱེས་ཞེས་བརྗོད་པ་ཡིན་ལ། སྐད་ཅིག་དང་པོ་མ་འོངས་པ་དེ་ད་ལྟར་བར་འཕོས་པའི་ཚེ། སྔར་གྱི་ཐོབ་པ་དེ་སྐད་ཅིག་དང་པོ་ད་ལྟར་བ་དེའི་ཐོབ་པ་འདས་པའི་ངོ་བོར་འཕོས། སྐད་ཅིག་དང་པོ་ད་ལྟར་བ་དེ་འདས་པར་འཕོས་པའི་ཚེ་སྔར་གྱི་ཐོབ་པ་དེ་ཡང་སྐད་ཅིག་དང་པོ་འདས་པ་དེའི་ཐོབ་པ་འདས་པར་སོང་བ་ཡིན་པའི་ཕྱིར། དེ་ལྟར་ཡིན་ན་སྐད་ཅིག་དང་པོ་འདས་པ་མ་གྲུབ་གོང་དུ་དེའི་ཐོབ་པ་འདས་པ་གྲུབ་པའི་སྐྱོན་མེད་དེ། དེའི་ཐོབ་པ་འདས་པ་དེ་སྐད་ཅིག་དང་པོ་འདས་པའི་ཐོབ་པར་སོང་བ་དང༌། སྐད་ཅིག་དང་པོ་འདས་པ་དུས་མཉམ་པའི་ཕྱིར། དེ་ཡང་ཡིན་ཏེ། ཐོག་མར་སྐད་ཅིག་དང་པོ་མ་འོངས་པ་དེ་ད་ལྟར་བའི་ངོ་བོར་འཕོས་པ་དང༌། དེའི་ཐོབ་པ་སྔར་སྐྱེས་དེ་འདས་པའི་ངོ་བོར་སོང་བ་དང༌། དེ་འདྲའི་ཐོབ་པ་འདས་པ་དེ་སྐད་ཅིག་དང་པོ་ད་ལྟར་བ་དེའི་ཐོབ་པ་འདས་པར་སོང་བ་གསུམ་དུས་མཉམ་པའི་ཕྱིར་དང༌། དེ་བཞིན་དུ་སྐད་ཅིག་དང་པོ་ད་ལྟར་བ་དེ་འདས་པའི་ངོ་བོར་འཕོས་པ་དང༌། སྔར་གྱི་ཐོབ་པ་འདས་པ་དེ་འདས་པའི་འདས་པར་སོང་བ་དང༌། དེ་འདྲའི་འདས་པ་དེ་སྐད་ཅིག་དང་པོ་འདས་པ་དེའི་ཐོབ་པ་འདས་པར་སོང་བ་གསུམ་ཡང་དུས་མཉམ་པའི་ཕྱིར། ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]