23573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་མཛེས་གླང་སྣ་དགོན་ (1)
Part of speech མིང་ཚིག
Definition གླང་སྣ་དགོན་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་པི་ལི་སེ་ཆེན་ཧན་གྱིས་གདན་དྲངས་པའི་ལམ་ཞོར་དུ་གླང་སྣ་དགོན་པ་འདི་ཉིད་ཕྱག་བཏབ། འདི་ནི་དཀར་མཛེས་རོང་པ་ཚྭ་རུ་ཆགས་ཤིང་། དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པ་ཞིག་ཡིན། དར་རྒྱས་བྱུང་ཚུལ་ནི། ས་སྐྱ་གོང་མ་ཕྱོགས་ཀྱི་གླང་པོ་དགོན་འདིར་ཕྱག་ཕེབས་གནང་སྟེ་རི་ཕུག་དགོན་གྱི་གྲྭ་རྩ་ས་རྒྱ་དང་བཅས་འབུར་ལོག་དགོན་གྲྭ་རྩ་དང་བཅས་དགོན་འདིར་བསྡུས་ཡོད། དགོན་འདིར་ངོར་ལུགས་ཀྱི་ཕྱག་སྲོལ་ལྟར་ད་བར་དུ་སྒྲུབ་མཆོད་མང་པོ་ཞིག་སྲོལ་འཛིན་བྱེད་ཀྱི་ཡོད། ངོར་ཀླུ་ལྡིང་མཁན་ཆེན་གཙོས་རིས་སུ་མ་མཆིས་པའི་བླ་སྤྲུལ་མང་པོ་ཞིག་དགོན་འདིར་ཕྱག་ཕེབས་གནང་ཡོད། ད་ལྟ་བཤད་སྒྲུབ་ཁག་དུ་མ་ཞིག་གི་ནང་དུ་གྲྭ་པ་མང་པོ་ཞིག་ཕྱག་དཔེ་གཟིགས་བཞིན་པ་དང་དགོན་དུ་བཞུགས་པའི་གྲྭ་པ་བརྒྱ་ཕྲག་ལས་བརྒལ་བ་ཞིག་ཡོད། ཉམས་རྒུད་བྱུང་ཚུལ་ནི། རྒྱལ་དབང་ལྔ་པའི་དུས་སུ་བེ་རི་རྒྱལ་པོ་དོན་ཡོད་རྡོ་རྗེ་དང་ཀརྨ་བསྟན་སྐྱོང་དབང་པོ་གཉིས་ཀྱིས་ཕྱི་ལོ་ ༡༦༣༨ ལོར་རི་ཕུག་དགོན་དང་འབུར་ལོགས་དགོན་གཉིས་ལ་ཉམས་ཉེས་ཚབས་ཆེ་དང་དགོན་འདིར་ཡང་ཉམས་ཉེན་ཆེ་ཙམ་བཏང་ཡོད། དེ་བཞིན་ཉམས་རྒུད་རིམ་པ་མང་པོ་ཞིག་བྱུང་ཡོད་ཀྱང་སྨོས་མེད། དགོན་པའི་བླ་བསྐོས་ནི། ས་སྐྱ་ནས་བླ་བསྐོས་ཕེབས་སྲོལ་ཡོད་ལ། དེ་དག་ནི་རིམ་བཞིན་བླ་མ་ཀུན་དགའ་རིན་ཆེན་དང་། ཤཱཀྱ། སྦྱིན་པ་ཆོས་འཕེལ་རྣམས་ཕེབས་ནས་རྡོ་རྗེ་སློབ་དཔོན་གྱི་འགན་བཞེས་མཛད་ནས་ལོ་ལྔ་རེར་བཞུགས་ཡོད། ས་སྐྱ་བླ་བྲང་། འབུར་ལོགས་བླ་བྲང་། བླ་བྲང་ཞབས་དང་། བླ་བྲང་རྟག་དང་། དགེ་འཕེལ་བླ་བྲང་བཅས་ལྔ་ཡོད། བཤད་གྲྭ་བྱུང་ཚུལ་ནི། ཕྱི་ལོ་ ༡༩༥༥ ལོར་དགོན་འདིའི་བླ་མ་ནོར་བུ་དོན་འགྲུབ་དང་ཡ་མ་རྡོ་རྗེ་གཉིས་ཀྱིས་ཕྱག་བཏབ་མཛད་པས། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་ལ། སྡེ་གཞུང་མཁན་པོ་ཨ་འཇམ་རིན་པོ་ཆེ་གདན་འདྲེན་ཞུ་རྒྱུ་གསོལ་བ་བཏབ་པར་བཞིན་ཞབས་བཞེད་གནང་སྟེ། ཨ་འཇམ་རིན་པོ་ཆེ་མཁན་རབས་དང་པོ་ཡིན། དེའི་རྗེས་སུ་ས་སྐྱའི་བླ་བསྐོས་སྦྱིན་པ་ཆོས་འཕེལ་དང་། འཇམ་དཔལ་ཚེ་རིང་། ཡེ་ན་མཆོག་སྤྲུལ་འཇམ་དབྱངས་། བླ་མ་བསོད་ནམས་དབང་འདུས་བཅས་མཁན་རབས་ལྔ་བྱུང་ཡོད། སྤྲུལ་སྐུ་རིམ་བྱོན་ནི། དགེ་འཕེལ་མཆོག་སྤྲུལ་མཁྱེན་རབ་དགེ་འཕེལ་དང་། ཀུན་དགའ་རྒྱལ་མཚན། སྙན་གྲགས་བསྟན་པའི་དབང་ཕྱུག འཇམ་དབྱངས་ཀུན་བཟང་ཆོས་ཀྱི་ཉི་མ། ཀུན་དགའ་འཇམ་དབྱངས་སྙན་གྲགས་བསྟན་པའི་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་སྙན་གྲགས་བཅས་སྐུ་ཕྲེང་དྲུག་བྱོན་པའི་མཚན་སྨོས་པ་ཙམ་ལས་རྣམ་ཐར་རྒྱས་པ་མ་རྙེད།

{{#arraymap:དཀར་མཛེས་གླང་སྣ་དགོན་

|; |@@@ | | }}