23610

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀར་རྩིས་ (1)
Part of speech མིང་ཚིག
Definition རྒྱ་གར་ནས་འགྱུར་བའི་བོད་ཀྱི་སྐར་རྩིས་ཏེ། དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འབྲང་བའི་གྲུབ་མཐའི་རྩིས་དང་། དུས་འཁོར་བསྡུས་རྒྱུད་ཀྱི་རྗེས་སུ་འབྲང་བའི་བྱེད་པ་སླ་བའི་རྩིས་དང་གཉིས་འགྱུར་ཡོད་ལ། དེ་ཡང་དུས་ཀྱི་འཁོར་ལོའི་རྒྱུད་ལ་ཁམས་ནང་དབང་སྒྲུབ་ཡེ་ཤེས་བཅས་ལེའུ་ལྔ་ཡོད་པ་ལས་ཁམས་ལེ་ནི་སྐར་རྩིས་རིག་པ་འདི་ཡིན་ལ། ཕྱི་ལོ་ ༡༠༢༧ ལོའམ་རབ་བྱུང་དང་པོའི་ལོའི་ཐོག་མའི་ལོར་དུས་ཀྱི་འཁོར་ལོའི་རྒྱུད་བོད་དུ་འགྱུར་བ་དང་ལྷན་དུ་དར་ཏེ་རིམ་གྱིས་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་དཀྱིལ་དང་རབ་བྱུང་གསུམ་པའི་ནང་ས་སྐྱ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་དུས་ཀྱི་འཁོར་ལོའི་རྒྱུད་ལས་ལོགས་སུ་སྐར་རྩིས་རིག་པ་བླངས་པ་ནི། ལྔ་བསྡུས། སྒྲ་གཅན། གཟའ་ལྔ་བཅས་དང་། གཟའ་སྐར་འཕྲོད་བརྟག་དང་། དུས་ཚོད་བཟུང་བའི་རྩིས་ཡིག་སོགས་མཛད། དེ་རྗེས་ཕྱི་ལོའི་དུས་རབས་བཅུ་གསུམ་པའི་དཀྱིལ་རབ་བྱུང་བཞི་པ་དང་ལྔ་པའི་ནང་འགྲོ་མགོ་ཆོས་རྒྱལ་འཕགས་པས་རྩིས་དུས་གསལ་བའི་སྒྲོན་མ་སོགས་དང་། བོད་ཀྱི་མཁས་པ་བུ་དོལ་གཉིས་ཀྱིས་དུས་ཀྱི་འཁོར་ལོའི་བསྟན་པ་ཆེས་ཆེར་དར་བ་བྱས་ཏེ་ཇོ་ནང་དོལ་པོ་བས། བྱེད་རྩིས་ཀྱི་མཚན་ཉིད་དང་། རྩིས་ཀྱི་རྒྱུ་མཚན། གཟའ་བཅུ་སྟོང་འཇུག་གི་རྩིས་བཅས་དང་། ཞ་ལུ་བུ་སྟོན་གྱིས་རྩིས་གཞུང་མཁས་པ་དགའ་སྐྱེད་དང་། དེ་བཞིན་ཀརྨ་རང་བྱུང་རྡོ་རྗེས་རྩིས་ཀྱི་བསྟན་བཅོས་ཀུན་བཏུས་མཛད་པ་སོགས་རྩིས་ཀྱི་དག་ཐེར་དང་བསྟན་བཅོས་མང་དུ་བྱུང་། དེ་རྗེས་རིམ་བཞིན་ཕུག་མཚུར་དཔལ་གསུམ་གྱི་ལུགས་བྱུང་བ་སྟེ། ཕྱི་ལོའི་དུས་རབས་བཅོ་ལྔ་པའི་དཀྱིལ་ཙམ་སྟེ་རབ་བྱུང་བདུན་པ་དང་བརྒྱད་པའི་ནང་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་རྩིས་གཞུང་ཆེན་མོ་དང་དེའི་རྗེས་ཀརྨ་ངེས་ལེགས་ཀྱིས་འདོད་འཇོའི་བུམ་བཟང་སོགས་བྱུང་བ་ལ་མཚུར་ལུགས་ཞེས་སུ་གྲགས་པ་དང་། ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང་། ནོར་བཟང་རྒྱ་མཚོ་དག་གིས་པད་དཀར་ཞལ་ལུང་བརྩམས་ཏེ་དེའི་རྗེས་འབྲང་ཇོ་ནང་གྲགས་པ་དཔལ་གྱིས་མཛད་པའི་མཁས་པ་དགའ་བྱེད་དང་ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་ཉིན་བྱེད་སྣང་བ་དང་སྡེ་སྲིད་ཀྱིས་མཛད་པའི་བཻ་དཀར་སོགས་བྱུང་བ་རྣམས་ལ་ཕུག་ལུགས་ཞེས་སུ་གྲགས། དེ་རྗེས་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་སྟོད་ཀྱི་དཀྱིལ་ཙམ་དུ་སི་ཏུ་པཎ་ཆེན་གྱིས་སྐར་རྩིས་ཐར་ཐོར་རིགས་དང་གསེར་རྩིས་སོགས་རྒྱ་དཀར་ནག་ལས་གསར་བསྒྱུར་བྱས་པ་དག་ལ་བརྟེན་ནས་ཀརྨ་ངེས་ལེགས་ཀྱིས་བྱེད་རྩིས་དང་གྲུབ་རྩིས་གཉིས་ཟུང་དུ་འབྲེལ་བའི་དཔལ་སྤུངས་ལུགས་སམ་བྱེད་གྲུབ་སྒང་དྲིལ་ཞེས་པའི་རྩིས་ལུགས་བྱུང་བ་དང་དེའི་རྗེས་འབྲང་ནི་ཇོ་ནང་འཛམ་ཐང་བ་ཐུབ་བསྟན་དགེ་ལེགས་རྒྱ་སོགས་བྱུང་། བྱེད་གྲུབ་ཟུང་གི་ཁུངས་ལས་བརྩམས་པའི་ཉེར་མཁོ་བསྡུས་དོན་ལས། བར་སྐབས་སུ་རྒྱལ་བ་དཔལ་སྤུངས་པའི་ཕྱག་ལེན་བྱེད་གྲུབ་ཟུང་འབྲེལ་གྱི་སྒོ་ནས་ཟླ་དག་གཟའ་དྷྲུ་རིལ་ཆ་ཉི་དྷྲུ་རྣམས་མ་ནོར་དག་པ་ལེགས་པར་བསྒྲུབ་པའི་རྗེས་སུ་འབྲང་སྟེ། དེང་སྐབས་རང་རེ་དག་གིས་ས་རིས་བྱེད་པ་ཡིན་ལ། འདིའི་ཕྱག་བཞེས་བྱེད་པོ་སི་ཏུ་ཆོས་འབྱུང་གི་མཆེད་དཔལ་སྤུངས་པ་ཀརྨ་ངེས་ལེགས་ཞེས་བྱ་བ་དེ་ཡིན་ཞེས་ངག་སྒྲོས་སུ་གླེང་ངོ་ཞེས་བྱུང་། །
Domain རྩིས་རིག