23675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་གསུམ་ (1)
Part of speech མིང་ཚིག
Definition མདོ། འཇིག་རྟེན་འདི་ན་འབྱུང་བ་དཀོན་ཞིང་དྲི་མ་མེད་པ་དང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་སོགས་ལས་སྐྱོབ་པའི་མཐུ་དང་ལྡན་པ་འཇིག་རྟེན་ཀུན་གྱི་རྒྱན་དང་མཆོག་ཏུ་གྱུར་པ་དང་འགྱུར་བ་མེད་པ་ཞིག་ལ་ཟེར། དེ་ལ་དབྱེ་ན་གསུམ་སྟེ། སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག་བཅས་སོ། །བྱེ་བྲག་སྨྲ་བའི་ལུགས་ལ་དེའི་ངོས་འཛིན་ཚུལ་དང་རྩོད་སྤོང་དང་བཅས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་ཡང་། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་སྟེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ ཞེས་གསུངས་པ་དང་། གཞི་འགྲེལ་ལས། སངས་རྒྱས་ལ་ཞེས་བྱ་བ་ནི། མི་སློབ་པ་སྟེ་སངས་རྒྱས་སུ་བྱེད་པ་ཟད་པ་དང་མི་སྐྱེ་བ་ཤེས་པ་ལའོ། །ཆོས་ལ་ཞེས་བྱ་བ་ནི། མྱ་ངན་ལས་འདས་པ་ལའོ། །དགེ་འདུན་ལ་ཞེས་བྱ་བ་ནི། སློབ་པ་དང་མི་སློབ་པ་སྟེ་དགེ་འདུན་དུ་བྱེད་པ་ལའོ། །ཞེས་གསུངས་པ་ལྟར། སྟོན་པ་ཤཱཀྱ་ཐུབ་པའི་ཐུགས་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཉིད་སངས་རྒྱས་དཀོན་མཆོག་དང་། མྱ་ངན་ལས་འདས་པ་འགོག་པའི་བདེན་པ་ནི། ཆོས་དཀོན་མཆོག་དང་། སློབ་མི་སློབ་ཀྱི་འཕགས་པའི་རྒྱུད་ཀྱི་ལམ་བདེན་དགེ་འདུན་དཀོན་མཆོག་སོགས་ཡིན་གྱི། སྟོན་པ་ཤཱཀྱ་ཐུབ་པའི་གཟུགས་ཕུང་སངས་རྒྱས་དཀོན་མཆོག་དང་། ལམ་བདེན་ཆོས་དཀོན་མཆོག་དང་། སློབ་མི་སློབ་ཀྱི་འཕགས་པ་དགེ་འདུན་དཀོན་མཆོག་མ་ཡིན་པའི་ལུགས་སོ། །ཁ་ཅིག ། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་མིན་ཟེར་བ་མི་འཐད་དེ། དེ་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་ཡོད་པའི་ཕྱིར་ཏེ། དེའི་ཐུགས་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་དེ་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་ཡིན་པའི་ཕྱིར་ཏེ། བྱེད་པའི་ཆོས། ཞེས་པ་ལྟར་རོ། །དེར་མ་ཟད། སྟོན་པ་རང་བྱུང་གི་བསྙེན་པར་རྫོགས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བའི་མཚམས་མེད་བཤད་པས་ཀྱང་དེ་གྲུབ་བོ། །འོན་ཀྱང་སངས་རྒྱས་དཀོན་མཆོག་མ་ཡིན་ཏེ། དེ་ཡིན་ན། དེའི་ངོས་འཛིན་སེམས་ཙམ་པ་དང་ཁྱད་མེད་དུ་འགྱུར་བའི་ཕྱིར་དང་། དེ་སྡུག་བསྔལ་བདེན་པ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།