23691

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་དབང་འདུས་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༡༦ པ་དཀོན་མཆོག་དབང་འདུས་ནི། སྨར་ཁམས་ཚྭ་ཁ་ལྷོ་བྱང་དམའ་རུ་ཡབ་ཐུབ་བསྟན་དང། ཡུམ་མཚོ་མོ་གཉིས་ཀྱི་རིགས་སུ་འཁྲུངས། དེ་ནས་ཟེའུ་འབྲུ་དགོན་དུ་ཆོས་ཞུགས་མཛད། དེ་ནས་དབུས་སུ་ཕེབས་ཏེ་འབྲས་བློ་གླིང་དུ་སྒྲིག་ཞུགས་གནང་ནས། རྒྱས་པ་མཁན་ཟུར་ཚུལ་ཁང་བླ་མ་རིན་པོ་ཆེ་མཆོག་དང། བློ་གླིང་མཁན་ཟུར་ཡེ་ཤེས་ཐུབ་བསྟན་རིན་པོ་ཆེ། ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ་བཅས་ཀྱི་ཞབས་པད་གཙུག་ཏུ་བསྟེན་ནས་རིགས་ལམ་ལེགས་གྲས་སུ་འགྱུར་བ་སྙན་པའི་གྲགས་པ་རིམ་གྱིས་འཕེལ། དེ་ནས་དུས་འགྱུར་དབང་གིས་རྒྱ་གར་དུ་ཕེབས་འབྱོར་རྗེས་མུ་མཐུད་སྦག་ས་དང་ཝཱར་ཎ་མཐོ་སློབ་ཏུ་གསན་སྦྱོང་གནང་སྟེ་ཨ་ཙརྱ་དང་། དྷ་སར་དགེ་བཤེས་རྩོད་རྒྱུགས་སྐབས་ཨང་རིམ་དང་པོའི་མཚན་གནས་བཅས་ཐོབ། དེ་ནས་རིགས་གཅིག་རྐང་འཛིན་སྐབས་མཚན་མའི་སྐོར་དེབ་གསར་བརྩམས་གྲུབ་མཚམས། ལ་དྭགས་མཐོ་སློབ་ཏུ་དགེ་རྒན་དང་སློབ་སྤྱི་ཞོན་པའི་མཚན་གནས་བཞེས་མུར། སྤྱི་ནོར་གོང་ས་མཆོག་ནས་རྒྱུད་སྟོད་བླ་མ་དབུར་ ཕྱག་རྟགས་སྩལ་དོན་བཞིན་བཀའ་སྤྱི་བོར་བླངས་ཏེ། བླ་དབུ་ལོ་གསུམ་རིང་སྒྲིག་ཁྲིམས་གཙོ་བོར་འགན་བཞེས་གནང་། དེ་ནས་རིམ་པས་མཁན་པོའི་ཕྱག་རྟགས་ཕེབས་ཏེ་ལོ་གསུམ་རིང་ཆོས་འཆད་སྤེལ་སོགས་སྔར་སྲོལ་གནང་སྒོ་ཉམས་མེད་བསྐྱངས། གོང་ས་མཆོག་ནས་སླར་ཡང་བློ་གླིང་མཁན་པོར་བསྐོ་བཞག་བསྩལ་དོན་བཞིན་མཁན་པོའི་གནང་དུས་ལེགས་པར་གྲུབ་ནས་ཀྱང་དོན་གཉེར་ཅན་སློབ་མ་སོགས་ལ་གང་མོས་ཀྱི་འདོད་ཆོས་སྩོལ་བ་དང། གཞན་དུ་ལྷ་སྔགས་ཏིང་ངེ་འཛིན་གྱི་རོལ་པས་འབྱམས་ཀླས་ཤིང་བཞུགས་པ། གཤེགས་ལོ་མ་རྙེད། །