23708

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀོན་མཆོག་ལྷུན་གྲུབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༡༣ པ་ཤར་ཆོས་ཏཱ་ར་རིན་པོ་ཆེ་དཀོན་མཆོག་ལྷུན་གྲུབ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། ༡༩༢༦ ལོར་སྨར་ཁམས་ཚྭ་ཁ་ལྷོ་ཁྲུང་ཁང་ཕུག་རྫ་ནང་པ་ཡབ་ཆོས་བཟང་དང་། ཡུམ་དྲག་སྔགས་ལྷ་མོ་གཉིས་ཀྱི་སྲས་འཁྲུངས། གཞོན་ནུ་དུས་ནས་དམ་པའི་མཛད་སྤྱོད་ངོ་མཚར་བའི་ལྟས་དུ་མ་ལ་བརྟེན་ནས་ཏཱ་ར་དགེ་བཤེས་རིན་པོ་ཆེའི་ཡང་སྲིད་དུ་ངེས་པ་རྙེད། གཞིས་དགོན་ཟེའུ་འབྲུ་དགོན་དུ་ཆོས་ཞུགས་གནང་། དགོན་དེའི་མཁན་ཟུར་བྱང་ཆུབ་རྡོ་རྗེའི་མདུན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཁག་ལ་གསན་སྦྱངས་གནང་ ༡༩༣༨ ལོར་དགུང་གྲངས་ ༡༣ ཕེབས་པ་འབྲས་བློ་གླིང་དུ་སྒྲིགས་ཞུགས་གནང་ནས། སྟོད་མཚམས་སྤྲུལ་སྐུ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་སོགས་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ། གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་རྒྱ་ཆེར་མཛད། དགུང་གྲངས་ ༣༡ ཕེབས་པར་ ༡༩༥༦ ལོར་སྨོན་ལམ་ཆེན་མོའི་དམ་འཇོག་གནང་སྟེ་ལྷ་རམས་ཨང་གསུམ་པའི་མཚན་གནས་བཞེས། ལོ་དེར་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་རྒྱུད་སྟོད་མཁན་པོ་བློ་བཟང་དཔལ་ལྡན་དྲུང་ནས་སྔགས་ཀྱི་རྒྱུད་སྡེ་ལ་གསན་བསམ་རྒྱ་ཆེར་མཛད། དགུང་གྲངས་ ༤༤ ཕེབས་པར་ ༡༩༦༩ ལོར་བླ་མ་དབུ་མཛད་ལོ་གསུམ་དང་། དེ་ནས་མཁན་བླ་སྦྲགས་མ་ལོ་དྲུག་བཅས་མཛད་ཡུན་རིང་ཆོས་འཆད་ཉན་གནང་སྒོ་ཉམས་མེད་རྒྱུན་འཛིན་ཐོག་དགེ་འདུན་བགྲེས་གཞོན་རྣམས་ལ་སློབ་ཁྲིད་གནང་བ་དང་། སྒྲིགས་ཁྲིམས་གནོན་འདོམས་སོགས་ལྷོད་ཡེངས་སུ་མ་འགྲོ་བར་ཉམས་པ་སོར་ཆུད་དང། མི་ཉམས་གོང་འཕེལ་ཡོང་ཐབས་གནང་བ་བཅས། མདོར་ན་སྐྱབས་རྗེ་འདིས་གྲྭ་ཚང་འདི་ཉིད་ལ་ཆོས་སྲིད་ཀྱི་བཀའ་དྲིན་བླ་མེད་དུ་བསྐྱངས། མཁན་ཁྲི་ལས་ཟུར་ནས་རྡོར་གདན་དགོན་པའི་མཁན་པོ་གནང། ༡༩༨༩ ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ཏེ་བསྟན་འགྲོའི་མཛད་ཆེན་བླ་ན་མེད་པ་བཏེགས་བཞིན་པའི་ངང། དགུང་གྲངས་རེ་ལྔ་ཕེབས་པར། ༡༩༩༡ ལོར་བོད་ཟླ་ ༧ ཚེས་ ༡༥ ལ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན།