From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དཀྱིལ་ཁང་ (1)
| Part of speech
|
མིང་ཚིག
|
| Definition
|
གཡས་གཡོན་དུ་ཁང་པ་ཡོད་པའི་ཁང་པ་དབུས་མ།
|
དཀྱིལ་ཁང་ (2)
| Part of speech
|
མིང་ཚིག
|
| Definition
|
བཀྲ་ཤིས་ལྷུན་པོའི་གྲྭ་ཚང་ཁག་བཞིའི་ནང་གི་གཅིག་ཡིན། ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་དངོས་སློབ་དཔལ་ལྡན་ཆོས་སྐྱོང་གིས་མཚན་ཉིད་ཀྱི་འཆད་ཉན་མཛད་པ་ནས་འཕེལ་རྒྱས་བྱུང་སྟེ་གྲྭ་ཚང་ཟུར་དུ་ཆགས་པ་ཡིན། གྲྭ་ཚང་འདིའི་མཚན་ལ་དཀྱིལ་ཁང་གྲྭ་ཚང་ལེགས་བཤད་གླིང་ཟེར་ཞིང༌། སྔོན་དུས་རྗེ་དགེ་འདུན་གྲུབ་ཞལ་བཞུགས་པའི་དུས་སུ་མི་ཚན་བཅུ་ཡོད་པའི་ཐོག པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱི་སྐབས་གྲྭ་གྲངས་འཕར་ཏེ་མི་ཚན་དྲུག་བཅས་བསྡོམས་པའི་མི་ཚན་བཅུ་དྲུག་ཡོད་པ་ནི། ༡ དཔེ་ཐུབ་མི་ཚན། ༢ གུ་གེ ༣ སྟག་མོ། ༤ ལྷུན་རྩེ། ༥ འདར་པ། ༦ མདངས་ཅན། ༧ ལ་ཁ། ༨ རི་མཁར། ༩ རོང་པ། ༡༠ གནས་སྙིང་རྣམས་རྗེ་དགེ་འདུན་གྲུབ་པའི་དུས་སུ་བྱུང་བ། ༡༡ བདེ་བ་ཅན་པ། ༡༢ ཆོས་སྦུག ༡༣ ཁལ་ཁ། ༡༤ ཨོ་རྒྱན་རྫོང་པ། ༡༥ གློ་སྦུག ༡༦ རྡོ་གདན་རྣམས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་རྒྱན་གྱི་སྐུ་དུས་སུ་གསར་འཕར་བྱུང་བ་ཡིན། སློབ་གཉེར་གནང་སྐབས་ཀྱི་གཙོ་བོའི་ཡིག་ཆ་ནི། ཁྲི་ཆེན་སྨོན་ལམ་དཔལ་བས་མཛད་པའི་རྣམ་འགྲེལ་ལེའུ་བཞི། འདུལ་འཛིན་བློ་གྲོས་སྦས་པས་མཛད་པའི་རྣམ་འགྲེལ་ལེའུ་བཞིའི་སྤྱི་དོན་དང་རྣམ་འགྲེལ་ལེའུ་དང་པོ་དང་ལེའུ་གཉིས་པའི་མཐའ་དཔྱོད། རྗེ་བསྟན་པ་དར་བཟང་གིས་མཛད་པའི་རྣམ་འགྲེལ་ལུང་རིགས་གཏེར་མཛོད་དང་ཕར་ཕྱིན་སྤྱི་དོན་དཀའ་གནས་གསལ་བྱེད་ཀུན་མཁྱེན་ལེགས་པ་དོན་གྲུབ་ཀྱིས་མཛད་པའི་ཕར་ཕྱིན་སྤྱི་དོན། ཤནྟི་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་དབུ་མའི་སྤྱི་དོན་དོན་གསལ་དང་། དབུ་མའི་མཐའ་གཅོད་ལེགས་བཤད་སྣང་བྱེད་དང་འདུལ་བ་ལུང་རིགས་ཉི་མ་པཎ་ཆེན་བདེ་ལེགས་ཉི་མས་མཛད་པའི་མཛོད་ལུང་རིགས་གཏེར་མཛོད་སོགས་ཡིན། གྲྭ་ཚང་འདིའི་གདན་རབས་ནི་སློབ་དཔོན་དཔལ་ལྡན་ཆོས་སྐྱོང༌། འཕགས་པ་འཆར་ཀ་སངས་རྒྱས་དཔལ། སངས་རྒྱས་དབང་ཕྱུག་དྲུང་ཆོས་ཀྱི་གྲགས་པ། མངའ་རིས་ལྷ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན། ཤནྟི་བློ་གྲོས་རྒྱལ་མཚན། གྲགས་ཆེན་དཔལ་འབར། རྗེ་བསྟན་པ་དར་བཟང༌། མཁས་པ་བློ་གྲོས་རྒྱ་མཚོ། ཞལ་སྔ་ནས་བློ་གྲོས་ལེགས་པ། ཆོས་དཔལ་རྒྱ་མཚོ་བསམ་འགྲུབ་དཔལ་བཟང་། ཀུན་མཁྱེན་ནོར་བཟང་རྒྱ་མཚོ། རྗེ་བློ་གྲོས་པ། སངས་རྒྱས་རྒྱ་མཚོ། ཇོ་རྫོང་པ་བློ་བཟང་བསྟན་པའི་རྒྱལ་མཚན། དཔེ་ཐུབ་པ་སངས་རྒྱས་དཔལ། ཟངས་མཁར་བ་སངས་རྒྱས་བཟང་པོ། གུ་གེ་བ་འཇམ་དབྱངས་རྒྱལ་མཚན། ཞལ་སྔ་ནས་བརྩོན་འགྲུས་རྒྱལ་མཚན། ཞལ་སྔ་ནས་ཆོས་དཔལ་རྒྱལ་མཚན། ཞལ་སྔ་ནས་བློ་བཟང་མགོན་པོ། མགོན་པོ་དཔལ་བཟང༌། བློ་བཟང་བཀྲ་ཤིས། སྟག་མོ་བ་ཡེ་ཤེས་རྒྱ་མཚོ། དཔལ་འབྱོར་རྒྱ་མཚོ། བདེ་ཆེན་པ་བློ་བཟང་ཆོས་འཕེལ། བློ་བཟང་བརྩོན་འགྲུས། ཡེ་ཤེས་ཚེ་བརྟན། གུ་གེ་བ་བློ་བཟང་བསྟན་འཛིན། ཞལ་སྔ་ནས་བློ་བཟང་རྣམ་རྒྱལ་སོགས་རིམ་པར་བྱོན། གྲྭ་ཚང་འདིར་བཞུགས་པའི་རྟེན་གསུམ་གྱི་སྐོར་ཕུར་བུ་ལྕོག་རྗེ་ངག་དབང་བྱམས་པས་མཛད་པའི་གདན་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཀྱི་དཀར་ཆག་ཏུ་གསལ།
|