23750
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༨༢༡ ལོར་གཙང་སྟོད་ཐང་སྦེའི་ཡུལ་དུ་ཡབ་ཚོང་དཔོན་པ་སངས་དང་། ཡུམ་ཆུང་སྐྱེས་གཉིས་ཀྱི་སྲས་སུ་འཁྲུངས། བརྒྱད་པར་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་བསྟན་པའི་ཉི་མ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། ཡི་གེའི་འབྲི་ཀློག་སྦྱངས། བཅུ་གསུམ་པ་ནས་ཚད་མ་སྦྱངས། བསྡུས་ཚན་སོ་སོའི་རྒྱུགས་ཕུལ། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་མཛད། དཀའ་བཅུའི་མིང་རྟགས་བླངས། ཉེར་བདུན་པར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། ཉེར་དགུ་བར་རབ་འབྱམས་མཚན་རྟགས་བཞེས། རྒྱུད་པ་གྲྭ་ཚང་དུ་ལོ་བཅུ་གཉིས་རིང་་དབྱངས་རོལ་སོགས་གསང་སྔགས་སྐོར་ཀུན་སྦྱངས། བཀའ་ཟུར་མཁྱེན་རབ་བསམ་གཏན་གྱིས་ཡོངས་འཛིན་བློ་བཟང་བསྟན་འཛིན་གྱི་བཞུགས་གནས་དཔལ་འབྱོར་ལྷུན་པོའི་རི་ཁྲོད་དུ་གདན་དྲངས། ཞེ་གཅིག་པར་པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་གདན་སར་བསྐོས། ང་བདུན་པར་པཎ་ཆེན་རིན་པོ་ཆེ་ལྷན་དབུས་སུ་ཕེབས། འབྲས་སྤུངས་དང་། སེ་ར་དགོན་སོགས་སུ་བླ་མཆོད་ཁྲིད་ཆོས་སོགས་ཕུལ། རེ་དྲུག་པར་པཎ་ཆེན་བསྟན་པའི་ཉི་མའི་རྣམ་ཐར་བརྩམས། དགུང་ལོ་དོན་གཅིག་པར་རང་རྣམ་ཚིགས་བཅད་མ་བརྩམས། འདས་ལོ་མི་གསལ། གསུང་རྩོམ་ནི་བླ་མའི་རྣལ་འབྱོར། ཞབས་བརྟན་གསོལ་འདེབས། གསུང་མགུར་བསླབ་བྱ། ལམ་རིམ་བླ་བརྒྱུད། སྤྱོད་འཇུག་འགྲེལ་བ། སྒྲུབ་ཐབས། འདུལ་བའི་དོགས་སྤངས་ལ་དཔྱད་པ། བསྡུས་རྩའི་འགྲེལ་བ་བཅས་ཆོས་ཚན་དྲུག་ཅུ་ཐམ་པ་ཡོད་དེ་པོད་གསུམ་དུ་བསྡུས་ནས་བཞུགས། |