23813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀྱིལ་འཁོར་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གདིང་བ་བཞི་བཅུ་ཤོང་བའི་གནས། བསྙེན་རྫོགས་སོགས་འདུལ་བའི་ལས་ཆོག་བྱེད་པའི་གནས་ཤིག། ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། དང་པོ་དཀྱིལ་འཁོར་བ་བཅད་པའི་དགོས་པའི་དོན་དགེ་འདུན་འདུ་བ་ཁྱབ་ཆེས་པ་སྤོང་ཞིང་། དགེ་སློང་རྣམས་ཀྱི་དགེ་བ་གཞན་ཉམས་པར་འགྱུར་བ་སྤང་བ་སྟེ། ལུང་གི་གླེང་གཞི་ལས་སོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་གནས་གང་དུ་དཀྱིལ་འཁོར་བ་བཅད་པ་ལ་དྲུག་ལས། དང་པོ་གདིང་བ་བཞི་བཅུ་དང་བསྒྲུབ་བྱ་ཤོང་བའོ། །གནས་ཀྱི་ཚད་དེ་ཙམ་ཞིག་ཏུ་དགེ་སློོང་མའི་དབྱུང་བར་བྱེད་ན་ཡང་དགེ་སློང་ཕ་མ་བཞི་བཅུ་བསྒྲུབ་བྱ་ཡུལ་དང་བཅས་པ་ཤོང་བར་འགྱུར་པས་རིགས་པས་ཀྱང་འཐད་དོ། །གཉིས་པ་རང་བཞིན་གྱི་མཚམས་རྒྱ་ཆེན་པོའི་མཚམས་པོ་ཆེ་གཅོད་པར་འགྱུར་བའི་ནང་ཁོངས་ཡིན་པ་སྟེ། གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གསུམ་པ་ཕྱོགས་བཞིའི་མཚན་མ་བརྟན་པོ་དང་ལྡན་པ་སྟེ། ལུང་གཞི་ལས་ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པ་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུ་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་གཏོད་པ་ལགས། ཞེས་གསུངས་པས་སོ། །བཞི་པ་ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་སྟེ། མཚམས་བུ་ཆུང་ནི་ཞེས་གསུངས་པས་སོ། །ལྔ་པ་སྔར་མཚམས་བཅད་པ་དང་མ་འབྲེལ་བ་སྟེ། སྔ་མ་བག་ཡངས་སུ་མ་བྱེད་པར་ཞེས་གསུངས་པས་སོ། །དེས་ན་སྔར་མཚམས་པོ་བཅད་ན་ཡང་། དེ་བཀྲལ་ནས་དཀྱིལ་འཁོར་བཅད་ཅིང་། སླར་ཡང་མཚམས་པོ་ཆེས་བསྐོར་དུ་རུང་བའོ། །དྲུག་པ་གཞན་གྱིས་མཚམས་བཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུགས་པ་མ་ཡིན་ནོ། །གཉིས་པ་རྟེན་གང་གིས་དཀྱིལ་འཁོར་བ་བཅད་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་དཀྱིལ་འཁོར་བ་བཅད་པ་ནི། གསོལ་གཉིས་ཀྱི་ལས་ཀྱིས་ཏེ། སྦྱོར་དངོས་མཇུག་གསུམ་སྔར་མཚམས་པོ་ཆེ་བཅད་པ་དང་འདྲའོ། །བཞི་པ་དཀྱིལ་འཁོར་བ་འཇིག་པའི་རྒྱུ་ནི། མཚམས་པོ་ཆེ་འཇིག་པའི་རྒྱུ་སྔར་བསྟན་པ་དང་འདྲའོ། །ཁྱད་པར་མཚམས་པོ་ཆེའི་ནང་ན་དགེ་སློང་ཡོད་ན་མཚམས་དེའི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བའི་ནང་ན་དགེ་སློང་མེད་ཀྱང་། དཀྱིལ་འཁོར་བ་མི་འཇིག་སྟེ་ཊཱིཀ་ལས་གནས་རང་དབང་མེད་པ་ཡིན་པས་དེའི་ཕྱིར་ཞེས་བཤད་དེ། གནས་དེ་འཇིག་པ་ལ་རང་དབང་མེད་པ་དེའི་ཕྱིར་ཞེས་པའོ། །ཞེས་གསུངས།
Domain ཆོས་ལུགས།