23839

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དཀྱིལ་འཁོར་རྒྱལ་མཆོག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ་ཡུམ་གྱི་པདྨར་ཕབ་པ་དེ་ཉིད་ཐིག་ལེ་ཆ་ཕྲན་གཉིས་སུ་གྱུར་པའི་ཐིག་ལེ་ལས་ལྷ་རང་རང་གི་ས་བོན་ཡི་གེ་འབྲུ་གསུམ་དང་སྤེལ་བ་སོ་གཉིས་བསྐྱེད། དེ་རྣམས་ཡོངས་སུ་གྱུར་བ་ལས་ཕྱག་མཚན་སོ་གཉིས་སྐྱེད་པར་བྱེད་པ་ནི་བསྐྱེད་པའི་ཡན་ལག དེས་ན་ས་བོན་ལ་བསྐྱེད་སྔགས་དང་། མཚན་སྔགས་ལ་འབྱིན་སྔགས་སུ་བྱེད་པ་ནི་མདོར་བྱས་ལོ་ཆེན་གྱིས་བསྒྱུར་བ་འགྱུར་དག་པའི་དབང་དུ་བྱས་པ་ཡིན་ནོ། །མདོར་བྱས་འགྱུར་གཞན་དང་སྒྲོན་གསལ་ལེའུ་བཅུ་གཉིས་པ་ལས་ནི། མཚན་སྔགས་ལ་སྐྱེད་སྔགས་སུ་ཡང་གསུངས་པས། དེ་ལྟར་བྱས་ན་སྐྱེད་སྔགས་ལ་མཚན་སྔགས་དང་ས་བོན་གཉིས་ཀ་ཡང་རུང་ངོ་། །དེས་ན་ཡུམ་གྱི་པདྨར་བསྐྱེད་པའི་ལྷ་དེ་རྣམས་རང་གི་སྙིང་གར་དྲངས་ཏེ་ཕྱིར་སྤྲོ་བ་ནི་སྤྲོ་བའི་སྒོ་དང་། སྤྱི་སྒོས་ཀྱི་མཛད་པ་མཛད་པ་ནི་མཛད་པའི་སྒོ་དང་། སྤྲུལ་པ་དཔག་ཏུ་མེད་པ་སྤྲོས་པ་རྣམས་གཅིག་ཏུ་སྡུད་པ་ནི་སྡུད་པའི་སྒོ་དང་། རང་རང་གི་ཡེ་ཤེས་པ་དང་གཅིག་ཏུ་འདྲེས་པ་ནི་བསྲེ་བའི་སྒོ་དང་། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བ་ནི་དབང་བསྐུར་བའི་སྒོ་དང་། སླར་བྱོན་ནས་རང་རང་གི་གདན་ལ་འཁོད་པ་ནི་འཁོད་པའི་སྒོ་སྟེ། དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་སྒོ་བདུན་གྱི་སྒོ་ནས་སྐྱེད་པར་བྱེད་པ་ཡིན་ནོ། །
Domain ཆོས་ལུགས།