23984

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དག་བྱེད་ཡན་ལག་དྲུག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དག་བྱེད་ཡན་ལག་དྲུག་ཞེས་པ་ནི་སོར་བསམ་སོགས་ཡན་ལག་དྲུག་སྟེ། དེ་དག་གི་དབྱེ་བ་ཡང་། ཇོ་ནང་ཏཱ་ར་ནཱ་ཐའི་ཁྲིད་ཡིག་མཐོང་བ་དོན་ལྡན་ལས། དག་བྱེད་སོར་སྡུད་ཉིད་ལ་དབྱེ་ན་བཅུ་སྟེ། རྟགས་བཅུ་རིམ་པས་འཆར་བའི་དབང་གིས་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་པས་སོ། །བསམ་གཏན་ལ་དབྱེ་ནའང་ཡུལ་ཅན་བསམ་གཏན་གྱི་ཡན་ལག་ལྔ་དང་། དེའི་ཡུལ་སྟོང་གཟུགས་ལྔ་སྟེ་བཅུའོ། །སྲོག་རྩོལ་ཉིད་ལ་བྱེད་ན། གཡས་གཡོོན་གྱི་དཀྱིལ་འཁོར་བཅུ་དབུ་མར་འདྲེས་པའི་དབྱེ་བས་བཅུའོ། །དག་བྱེད་འཛིན་པའི་ལམ་ཉིད་ལ་དབྱེ་ན། ཇི་སྐད་དུ། དྲི་མེད་འོད་ལས། སྲོག་གི་འཛིན་པ་ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་གྱི་པདྨ་ལ་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་བཅུའོ། །ཞེས་པ་ལྟར། འཛིན་པ་ལ་ཉམས་རྟོགས་མཐོ་དམན་གྱི་དབྱེ་བ་བཅུ་ཡོད་དོ། །དག་བྱེད་རྗེས་དྲན་གྱི་དབྱེ་བ་བཅུ་སྟེ། རྟགས་བཅུའི་དབྱེ་བ་ཅན་གྱི་སྟོང་གཟུགས་སོ་སོས་རིམ་པས་བདེ་བ་འདྲེན་པ་ན། ཆགས་ཡུལ་བསམ་པའི་གནས་སྐབས་དང་མཚུངས་ཤིང་། དེ་རྣམ་པར་དག་པའི་བདེ་བ་དང་བོ་ཐོབ་པ་ལ་སོགས་པ་དང་། དེ་བཞིན་དུ་འཁྲིག་འདོད་ཀྱི་དེ་དང་། ཆགས་སྟོབས་ཀྱི་ལུས་ལ་ཚ་རིམ་སྐྱེ་བའི་དེ་དང་། ཁ་སྐམས་ཞིང་འགྱུར་བའི་དེ་དང་། ཟས་སོགས་ལ་མི་འཇུག་པའི་དེ་དང་། ལུས་འདར་བའི་དེ་དང་། སྨྱོན་པ་ལྟར་གྱུར་པའི་དེ་དང་། མི་ཤེས་པའི་རྨོངས་པར་གྱུར་པའི་དེ་དང་། རྐྱེན་གཞན་ཆགས་ཡུལ་དུ་སྣང་བའི་འཁྲུལ་བའི་དེ་དང་། འཁྲིག་སྤྱོད་སྐབས་སེམས་བརྒྱལ་བ་ལྟར་གྱུར་པའི་དེ་དག་དང་མཚུངས་པའི་བདེ་བ་མི་འདྲ་བ་བཅུ་རིམ་གྱིས་ཐོབ་པ་ཡིན་ནོ། །དག་བྱེད་ཏིང་ངེ་འཛིན་ལ་བྱེད་ན། འཁོར་ལོ་དྲུག་ཏུ་ལས་རླུང་འགགས་པའི་དབྱེ་བས་ས་བཅུ་གཉིས་སམ། ཏིང་ངེ་འཛིན་རྣམ་པ་བཅུ་ནི་ཐུར་སེལ་ལ་སོགས་པའི་རླུང་བཅུ་ཕྱིན་ཆད་མི་སྐྱེ་བའི་ཆོས་ཅན་དུ་རྩ་བ་ནས་འགག་པའི་དབྱེ་བས་རིམ་པ་བཅུའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།