24030

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགག་དབྱེའི་དངོས་གཞིའི་ཆོ་ག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགག་དབྱེ་དངོས་གཞིའི་ཆོ་ག་ནི་སྔགས་ལན་གསུམ་གྱིས་སོ། །ཞེས་སོ། །ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །དངོས་གཞི་ལ། དགེ་འདུན་གྱི་དགག་དབྱེ་བྱེད་པ་པོ་གཅིག་གམ་ཚོགས་པ་མང་བར་ཡོད་ན་གཉིས་ལ་སོགས་པ་ཇི་ཙམ་དགོས་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱ། དེ་ནས་དགེ་སློང་གཞན་ཞིག་གིས་དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་བྱ། དེ་ཚར་བ་དང་དགག་དབྱེ་བྱེད་པར་བསྐོས་པའི་དགེ་སློང་དེས་དགེ་འདུན་ཐམས་ཅད་ལ་རྩྭ་དུར་བྷ་བྱ་བ་ཁ་ཅིག་གིས་དུར་བ་ལ་བཤད། བོད་འདིར་ཕལ་ཆེར་གྱིས་རྩྭ་ཟོར་པ་ལ་བཤད་དེ་བྲིམས་སོ། །དེ་ནས་ཚེས་བཅུ་དྲུག་གི་སྐྱ་རེངས་འཆར་བའི་སྔ་རོལ་དུ་བྱེད་པ་པོ་དེ་དགེ་སློང་རེ་རེའི་མདུན་དུ་རྩྭ་བཟུང་ནས་ཕན་ཚུན་ཙོག་པུར་འདུག་ལ། གཉིས་ཀས་རྩ་བ་ནས་བཟུང་སྟེ། བསྐོས་པ་དེ་ལ་དགག་དབྱེ་གོ་བར་བྱ་བའི་སྔགས་ཚིག་ལན་གསུམ་བརྗོད་དེ། དེའི་སྔགས་བཙུན་པའམ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་ནི་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དགག་དབྱེ་བཅོ་ལྔ་པ་ལགས་ན་བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང། ཐོས་པ་དང། དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་ཀྱིས། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་དུ་སླར་བགྱིའོ། །ཐབས་ལེགས་བྱ། དེས་གྲལ་ན་གནས་པ་རྣམས་ལ་རྫོགས་ན་བྱེད་པ་པོར་བསྐོས་པ་དུ་མ་ཡོད་ཚེ་ཕན་ཚུན་རེ་མོས་ཀྱིས་སྔགས་ཚིག་བརྗོད། བྱེད་པ་པོ་གཅིག་ལས་མེད་ན་གྲལ་དེའི་དགེ་སློང་གཅིག་གི་མདུན་དུ་འདུག་ལ་རྩྭའི་སྣ་ནས་བཟུང་ལ་སྔགས་ཚིག་བརྗོད་དོ། །འདི་བཅུ་དྲུག་གི་སྐྱ་རེངས་འཆར་བའི་སྔ་རོལ་དུ་གྲུབ་དགོས་པས་དེ་འཆར་བ་ལ་ཉེ་བར་གྱུར་ན་སྔགས་ཚིག་ལན་རེ་རེས་ཆོག ན་བར་གྱུར་པ་དག་གིས་ནི་གཉིས་སམ་གཅིག་བྱས་ཀྱང་ཆོག་པར་བཤད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:དགག་དབྱེའི་དངོས་གཞིའི་ཆོ་ག་

|; |@@@ | | }}