24202

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགའ་ལྡན་གསེར་ཁྲི་བདུན་ཅུ་བ་ (1)
Part of speech མིང་ཚིག
Definition སྟག་བྲག་སྐུ་ཕྲེང་དང་པོ་ངག་དབང་ཆོས་འཕེལ་ཁོང་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༦༠ ལོར། བྱང་འདམ་གཞུང་རྫོང་ཁོངས་གྱར་བའམ་མར་རྐྱང་ཞེས་པའི་ས་ཆར་ཡབ་ཨ་ར་དབུ་རྒྱན་སྲི་ཐར་དང། ཡུམ་ཐང་བཟའ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། (རབ་བྱུང་བཅུ་གསུམ་པའི་མེ་གླང་ལོར་འཁྲུངས་ཞེས་པའང་སྣང། ) དགུང་ལོ་བཅུ་གསུམ་ཐོག་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་དང། ཀློང་རྡོལ་བླ་མ་སོགས་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱངས། དབུ་མའི་མཚན་ཕུད་དམ་བཅའི་སྐབས། འཇུག་པར། ཕྱི་རོལ་མེད་སེམས་དཔེ་ནི་གང་དུ་ཡོད། ཅེས་པའི་དོན་ལ་དཔྱད་པས་སྟོང་ཉིད་རྟོགས་པའི་ཚུལ་མཛད། དགུང་ལོ་སོ་བདུན་ཐོག་ལྷ་རམས་དམ་འཇོག་མཛད། སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རིམ་གྱིས་དགེ་བསྐོས་དང་ཁྲིད་དཔོན་སོགས་དང། དགུང་ལོ་ཞེ་བརྒྱད་ཐོག་རྒྱུད་པའི་བླ་མ་དབུ་མཛད་གནང། ལོ་དེ་གའི་ནང་རྒྱུད་པའི་མཁན་ཁྲིར་ཕེབས། དགུང་ལོ་རེ་གསུམ་བཞེས་པ་ཕྱི་ལོ་ ༡༨༢༢ རབ་བྱུང་བཅུ་བཞི་བའི་ཆུ་རྟ་ལ་དགའ་ལྡན་གསེར་ཁྲིར་ཕེབས། རྒྱལ་མཆོག་ཚུལ་ཁྲིམས་རྒྱ་མཚོ་དང་ཀུན་གླིང་སྤྲུལ་སྐུའི་ཡོངས་འཛིན་མཛད་ཅིང། དགུང་ལོ་རེ་བརྒྱད་ཐོག་སྟག་ལུང་བྲག་རི་ཁྲོད་དུ་འདུ་ཁང་གསར་བཞེངས་ཐོག་སྐུ་གསུང་ཐུགས་རྟེན་ཡང་བཞེངས་པར་མཛད། མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་དགུང་ལོ་བརྒྱད་ཅུ་བཞེས་པ་རབ་བྱུང་བཅུ་བཞི་བའི་ས་ཕག་ཕྱི་ལོ་ ༡༨༣༩ ལོར་སྐུ་མྱ་ངན་ལས་འདས། གསུང་རྩོམ་ལ། འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་དབང་ཆོག་སོགས་པོད་གཅིག་བཞུགས།

{{#arraymap:དགའ་ལྡན་གསེར་ཁྲི་བདུན་ཅུ་བ་

|; |@@@ | | }}