24337

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགུན་གྱི་རྒྱལ་མོ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྤྱི་སྤུངས་ཞི་ཁྲོ་གཉིས་ལས་ཞི་ལྷ་སྟེ་དྲི་མེད་ལྷ་ལྔ་ཡབ་ཡུམ་ལས་དུས་བཞིའི་རྒྱལ་མོ་བཞིའི་ནང་གསེས་ཡིན་ལ། གནས་ནི། དཀྱིལ་འཁོར་བྱང་ནུབ་ཕོ་བྲང་གླིང་ཆེན་གྱི་བྱང་ཕྱོགས་ལ། ལྷ་སྟེགས་ཀྱི་གདན་ནི། པད་མའི་ཁྲི་རུ་བཞུགས་སོ། །སྐུའི་ཆ་བྱད་ནི། སྐུ་མདོག་དཀར་ལྗང་ཞལ་གཅིག་ཕྱག་གཉིས་པ་དབུ་ལ་ཤེལ་དཀར་ཐོད་ལྡིང་ཅན། སྐུ་ལ་དབང་གི་སླག་ཆེན་གསོལ་བ། གཡས་པས་རླུང་གི་འཁོར་ལོ་དང་གཡོན་པས་སྤྲུལ་པའི་དབང་རྒྱ་བསྒྱུར་བའོ། །ཕྲིན་ལས་ནི། ཐུགས་རྗེའི་ཐབས་ཀྱིས་སྟོང་གསུམ་འཇིག་རྟེན་དབང་དུ་བསྒྱུར་ཅིང་བདག་ཏུ་མཛད་དོ། །ལྷ་མོ་འདིའི་སྐྱེད་བྱེད་ཀྱི་སྙིང་པོའམ་ས་བོན་ནི། བསྭོ་ཨཱོྃ་སལེ་ལྷམ་མེ་འདུ་འདུ་ཧུ། ཞེས་པའམ་ཧུ་ཡིག་འདིའོ། །ཡིག་འབྲུ་དེ་དག་གི་འབྲུ་དོན་ནམ་མཚོན་དོན་ནི། བསྭོ་ནི་མི་འགྱུར་བོན་གྱི་དབྱིངས་མཚོན་ལ། ཨཱོྃ་ནི་འགག་མེད་རྫོགས་སྐུ། སལེ་ནི་སྐུ་གསུམ་འདུ་འབྲལ་མེད་པ། ལྷམ་མེ་ནི་དུས་བཞིའི་བཅུད་ལ་དབང་བསྒྱུར་བ། ཧུ་ཡིག་ནི་ལྷ་མོ་འདི་ཉིད་མཚོན་པའོ། །བྱེད་ལས་ནི། ལྷ་མོ་འདི་ཉིད་བསྐྱེད་པའི་ས་བོན་བྱེད་དོ། །འདིའི་དོན་ལ་གྲོལ་འཁྲུལ་གྱི་དགེ་སྐྱོན་ནི། རྟོགས་ན་བོན་ཉིད་བ་གའི་དབྱིངས་སུ་དག་ལ། མ་རྟོགས་ན་ཁམས་གསུམ་འཁོར་བར་འཁྲུལ་ལོ། །གྲོལ་ན་སྲིད་པའི་རྒྱལ་མོ་ཉིད་ལ། མ་གྲོལ་ན་སྐྱེ་འགྲོའི་སྡུག་བསྔལ་ཤར་བར་གསུངས་སོ། །ཞེས་པ་འདི་ནི་གསང་འདུས་དོན་རྒྱུད་དང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་རྒྱུད་དག་ལས་བཏུས་སོ། །གོང་གི་ཞི་རྒྱུད་ལས། འདི་ལ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་མ་གསལ་ཡང་། ཐོས་གྲོལ་ལས། ལྷ་མོ་འདི་ཉིད་ཡེ་གཤེན་སེམས་དཔའ་བྱམས་པ་གདར་གཅོད་ཀྱི་ཕྱག་རྒྱའི་ཡུམ་ཡིན་པར་བཞེད་དོ། །སྐུ་དང་ཡིག་འབྲུའི་བསྐྱེད་གནས་ནི། གསང་འདུས་ལྟར་ན། ལུས་ཀྱི་དབུགས་ལ་བསྐྱེད་ཅིང་གནས་པར་གསུངས་ལ། ཐོས་གྲོལ་ལྟར་ན་ལྟེ་རྩ་ཉུང་ཟུག་ཅེས་པ་ལྟེ་བའི་རྩ་ལ་གནས་པར་གསུངས་སོ། །
Domain ཆོས་ལུགས།