24449

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བའི་བཤེས་གཉེན་རྩིས་ (1)
Part of speech མིང་ཚིག
Definition རྒྱའི་སྐོར་འགོ་བཅོ་ལྔ་ལས་གངས་ཀྱི་སེང་གེ་དཀར་མོའི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་སྟག་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་བུར་འགྲོ་བ་དེ་དང་། མོ་ལོ་ཡིན་ན་ཡོས་སྡེ་ལྔ་ལས་དབང་ཁམས་རང་ལོའི་དབང་ཁམས་ཀྱི་བུར་འགྲོ་བ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་སྐྱེས་པ་ཡིན་ན་གཡས་བསྐོར་ལ་རང་ལོས་དུ་ལོན་དང་། བུད་མེད་ཡིན་ན་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་བའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ཐོག་མ་སྟེང་དང་པོ་ཡིན་ཞིང་། རྡེའུ་དེས་སེང་གེའི་གདན་ཁྲི་འགྱེལ་མ་འགྱེལ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་འགྱེལ་པས་ནམ་ཕུགས་མི་དང་ཆོས་འཕེལ་འབྱུང་། ནག་པོ་བྱུང་ན་འགྱེལ་བས་ཕ་ཁུའི་སར་དར་གུད་ཆེ། རང་ཡུལ་བོར་ཞིང་བྱེས་འཁྱམས་ཡོད། ཡིན་ཡང་རང་སར་ཅུང་བཟང་། རྩིས་གཞི་དེའི་མར་གྱི་བཞི་བའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཉིས་པ་ཡིན་ཞིང་། རྡེའུ་དེས་དར་ཡོལ་ཟགས་མ་ཟགས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཟགས་པས་ཁ་རྗེ་རྒྱས། ནག་པོ་བྱུང་ན་ཟགས་པས་བདུད་ཀྱི་བློ་བྲིད་དང་བར་ཆད་འོང་། བཅོས་སུ་བརྒྱ་བཞི་སྡོང་རྒྱན་དང་དཀར་ཕྱོགས་ལ་འབད་དགོས། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གསུམ་པ་ཡིན་ཞིང་། རྡེའུ་དེས་གསེར་གཡུའི་མཎྜལ་ཆག་མ་ཆག་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཆག་པས་ཁ་རྗེ་བསོད་ནམས་རྒྱས། བསམ་པའི་དོན་འགྲུབ། ནག་པོ་བྱུང་ན་ཆག་པས་ཁ་རྗེ་དམན། ཁ་ཡོག་འོང་ཞིང་སློབ་མ་དགྲར་ལྡང་། དོན་མི་འགྲུབ། བཅོས་སུ་དཀར་ཕྱོགས་དགེ་བའི་ལས་ལ་འབད་དགོས། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བཞི་བ་ཡིན་ཞིང་། རྡེའུ་དེས་མུ་ཏིག་ཕྲེང་ཐག་ཆད་མ་ཆད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཆད་པས་ཚེ་ལ་བར་ཆད་མེད། ནག་པོ་བྱུང་ན་ཆད་པས་ཚེས་ལ་བར་ཆད་འབྱུང་ཞིང་རྐྱེན་གྱི་དབང་ལ་འཆོར། བཅོས་སུ་མ་ཏྲཾ་དགུ་བཟློག་བྱ་དགོས། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་ལྔ་བ་ཡིན་ཞིང་། རྡེའུ་དེས་མགོན་བྱེད་རི་བོ་འགྱེལ་མ་འགྱེལ་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་འགྱེལ་བས་ཆོས་ལོག་དམ་ལོག་མེད། ནག་པོ་བྱུང་ན་འགྱེལ་བས་དཀར་ཆོས་བྱས་ཀྱང་ལོག་པར་འགྲོ། བཅོས་སུ་ཚོགས་གསོག་སྦྱིན་གཏོང་སོགས་དཀར་ཕྱོགས་ལ་འབད་དགོས། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་དྲུག་པ་ཡིན་ཞིང་། རྡེའུ་དེས་ཚེ་བུམ་ལག་ནས་ཤོར་མ་ཤོར་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཤོར་བས་ཚེ་སྲོག་ལ་བར་ཆད་མེད། ནག་པོ་བྱུང་ན་ཤོར་བས་ཚེ་སྲོག་ལ་བར་ཆད་འབྱུང་། བཅོས་རིམ་ལ་ཚེ་ཆོག་འཆི་བསླུ་དང་ཚེ་སྒྲུབ་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་བདུན་པ་ཡིན་ཞིང་། རྡེའུ་དེས་ལྷ་མིའི་འཕྲིན་ལམ་ཆད་མ་ཆད་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་ལ་དཀར་པོ་བྱུང་ན་མ་ཆད་པས་དགྲ་ལྷ་ཡུལ་ལྷ་འགོ། ནག་པོ་བྱུང་ན་ཆད་པས་ལྷ་སྲིན་སྡང་ཞིང་ཡུལ་ལྷ་མི་དགའ། བཅོས་སུ་བསྐང་བཤགས་དང་ལྷ་གསོལ་བྱ་དགོས། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིར་མངའ་བའི་རྡེའུ་བརྒྱད་ཀྱི་གཞུག་མ་སྟེ་བརྒྱད་པ་ཡིན་ཞིང་། རྡེའུ་དེས་ཆོས་སྤྱོད་ལས་འཕྲོར་ལུས་མ་ལུས་ལ་བརྟག་དགོས། གལ་སྲིད་འཐབ་པའི་རྡེའུ་དཀར་པོ་བྱུང་ན་མ་ལུས་པས་སྔོན་གྱི་ལས་འཕྲོ་བཟང་། ཆོས་སྤྱོད་དགེ་བ་སྟོབས་སུ་འགྱུར། ནག་པོ་བྱུང་ན་ལུས་པས་དགེ་ལ་མི་སེམས་སྡིག་ལ་སྤྱོད། ཚེ་དང་ཆོས་བྱེད་པ་ལ་བར་ཆད་འོང་། བཅོས་སུ་དཀར་པོའི་ལས་ལ་འབད་དགོས། དཔེར་ན་བརྩི་བྱ་ལྕགས་ཕག་ལོ་པ་ཞིག་ཕོ་ལོ་སོ་དགུར་སོན་དུས་དེར་རྩིས་འདི་བསྐོར་པར་ཆ་བཞག་ན། ལོ་རྟགས་ཕག་མོ་ལོ་དང་དབང་ཁམས་ལྕགས་བུ་ཆུ་ཡིན་པས་ཆུ་ཡོས་སྐོར་འགོར་འཛིན་དགོས། སྐོར་འགོ་དེ་ནས་གཡས་བསྐོར་ལ་ལོ་གྲངས་སོ་དགུ་བགྲངས་ན་འབབ་པའི་ལོག་མེན་ལྟ་བུ་དེ་ལྕགས་སྦྲུལ་ཡིན་པས། ལྕགས་སྦྲུལ་ཡིན་ཡར་དང་མར་ལ་བགྲངས་སའི་ལྟེ་བ་རྩིས་གཞི་ཡིན། རྩིས་གཞི་ལྕགས་སྦྲུལ་གྱི་ཡར་གྱི་བཞི་བ་ས་སྟག་གི་སྲོག་ཁམས་ཤིང་ལ་བརྩི་བྱའི་སྲོག་ཁམས་ཆུས་འཐབ་པའི་རྡེའུ་ནག་པས་སེང་གེའི་གདན་ཁྲི་འགྱེལ་བ་ལྟ་བུ་དང་། མར་གྱི་བཞི་བ་ཤིང་སྤྲེལ་གྱི་ལུས་ཁམས་ཆུ་ལ་བརྩི་བྱའི་ལུས་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པས་དར་ཡོལ་ཟགས་པ་ལྟ་བུ། ཡར་གྱི་བཅུ་གཅིག་པ་ལྕགས་ལུག་གི་དབང་ཁམས་ལྕགས་ལ་བརྩི་བྱའི་དབང་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་ནག་པས་གསེར་གཡུའི་མཎྜལ་ཆག་པ་ལྟ་བུ། མར་གྱི་བཅུ་གཅིག་པ་ལྕགས་ཡོས་ཀྱི་ཀླུང་ཁམས་མེ་ལ་བརྩི་བྱའི་ཀླུང་ཁམས་མེ་ཡིས་འཐབ་པའི་རྡེའུ་ནག་པས་མུ་ཏིག་ཕྲེང་ཐག་ཆད་པ་ལྟ་བུ། ཡར་གྱི་བདུན་པ་ཤིང་ཕག་གི་སྲོག་ཁམས་ཆུ་ལ་བརྩི་བྱའི་སྲོག་ཁམས་ཆུས་འཐབ་པའི་རྡེའུ་དཀར་བས་མགོན་བྱེད་རི་བོ་མ་འགྱེལ་པ་ལྟ་བུ། མར་གྱི་བདུན་པ་མེ་ཕག་གི་ལུས་ཁམས་ས་ལ་བརྩི་བྱའི་ལུས་ཁམས་ལྕགས་ཀྱིས་འཐབ་པའི་རྡེའུ་དཀར་བས་ཚེ་བུམ་ལག་ནས་ན་ཤོར་བ་ལྟ་བུ། རྩིས་གཞི་ལྕགས་སྦྲུལ་གྱི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་ནག་པས་ལྷ་མིའི་འཕྲིན་ལམ་ཆད་པ་ལྟ་བུ། ཡང་རྩིས་གཞི་དེ་ཉིད་ཀྱི་ཀླུང་ཁམས་ཆུ་ལ་བརྩི་བྱའི་ཀླུང་ཁམས་མེ་ཡིས་འཐབ་པའི་རྡེའུ་དཀར་བས་ཆོས་སྤྱོད་ལས་འཕྲོར་མ་ལུས་པ་ལྟ་བུ་ཡིན། དེ་བཞིན་དུ་ལོ་ཁམས་ལྕགས་ཕག་ཡིན་པའི་བརྩི་བྱ་དེ་བུད་མེད་ཡིན་པར་ཆ་བཞག་ན། སྐོར་འགོ་ཆུ་ཡོས་ནས་གཡོན་བསྐོར་ལ་ལོ་གྲངས་སོ་དགུ་བགྲངས་ན་གང་དུ་འབབ་པའི་ལོ་མེན་ལྟ་བུ་དེ་རྩིས་གཞིར་བཟུང་ཞིང་། རྩིས་གཞི་དེའི་ཡར་བཞི་མར་བཞི་སོགས་ལ་བརྩི་བྱའི་སྲོག་ལུས་དབང་ཀླུང་གིས་གོང་མ་ཇི་བཞིན་འཐབ་ནས་བལྟ་དགོས།
Domain རྩིས་རིག

{{#arraymap:དགེ་བའི་བཤེས་གཉེན་རྩིས་

|; |@@@ | | }}