24509

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དགེ་བསྙེན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སོ་ཐར་རིས་བདུན་པོ་གང་རུང་ལ་གནས་ནས་བསླབ་པའི་གཞི་ལྔ་ཇི་སྲིད་འཚོ་ཡི་བར་དུ་བསྲུང་བར་ཁས་ལེན་པའི་ཁྱིམ་པ་ཞིག དེའི་ངོ་བོ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། འོ་ན། ཚིགས་སྔ་ཕྱི་འབོག་པའི་མཁན་སློབ་དེ་ལྟར་ཡིན་ན་སྡོམ་པ་གསུམ་ལ་གནས་པའི་གང་ཟག་གང་ཞེ་ན། དེ་ཡང་། དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ་ཡོད་པ་ལས། དང་པོ་བཤད་དུ་ཡོད་དེ། ངོ་བོའི་དབང་དུ་བྱས་ན། སྤང་བྱ་ལྔ་སྤོང་བར་མནོས་པའི་རབ་ཏུ་ཕྱེ་བའི་སྡོམ་པ་ལ་གཙོ་བོར་གནས་པའི་རབ་ཏུ་མ་བྱུང་བའི་གང་ཟག ། དགེ་བསྙེན་གྱི་ངོ་བོ་དང་། ཞེས་གསུངས། དབྱེ་བའི་དབང་དུ་བྱས་ན། སྐྱབས་གསུམ་འཛིན་པའི་དགེ་བསྙེན། སྣ་གཅིག་སྤྱོད་པའི་དགེ་བསྙེན། ཕྱོགས་གཅིག་སྤྱོད་པའི་དགེ་བསྙེན། ཕལ་ཆེར་སྤྱོད་པའི་དགེ་བསྙེན། ཡོངས་རྫོགས་ཀྱི་དགེ་བསྙེན། ཚངས་སྤྱོད་ཀྱི་དགེ་བསྙེན། གོ་མིའི་དགེ་བསྙེན་ཏེ་དངོས་བཏགས་མ་ཕྱེ་བར་བདུན་གསུངས་པ་དང་། སྒྲ་བཤད་ཀྱི་དབང་དུ་བྱས་ན། དགེ་བ་མྱང་འདས་ལ་བསྙེན་པ་སྟེ་ཉེ་བ་ཡིན་པས། དགེ་བསྙེན་ཞེས་བཤད།
Domain ཆོས་ལུགས།

{{#arraymap:དགེ་བསྙེན་

|; |@@@ | | }}

དགེ་བསྙེན་ (2)
Part of speech མིང་ཚིག
Definition དགེ་བསྙེན་གྱི་ངོ་བོ་ལ། ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་ངོ་བོ་ནི། སྡོམ་པ་དང་ལྡན་པའི་གང་ཟག་སྟེ། མཛོད་འགྲེལ་ལས། སྤང་བྱ་ལྔ་སྤོང་བ་ཡང་དག་པར་བླངས་པ་ནི་དགེ་བསྙེན་ཡིན་ནོ་ཞེས་སོ། ། དགེ་བསྙེན་གྱི་དབྱེ་བ་ནི། ཉན་ཐོས་ཀྱི་གཞུང་ནས་བཤད་ཚོད་ཀྱི་དགེ་བསྙེན་བདུན་ཡོད་པ་ལས། མིང་ཆེན་གྱི་མདོ་དང་། མཛོད་འགྲེལ་ལས་ལྔ་གསུངས་ཏེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དང་། སྣ་གཅིག་སྤྱོད་པའི་དང་། ཕྱོགས་གཅིག་སྤྱོད་པའི་དང་། ཕལ་ཆེར་སྤྱོད་པ་དང་། ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་ཞེས་གསུངས་པ་དང་། ཚངས་པར་སྤྱོད་པའི་དགེ་བསྙེན་དང་། གོ་མིའི་དགེ་བསྙེན་དང་བདུན་ནོ། ། དགེ་བསྙེན་གྱི་སྒྲ་བཤད་ནི། ཨུ་པ་སི་ཀ་ཞེས་ཏེ། ཨུ་པ་ནི་ཉེ་བའམ་བསྙེན་པ་ཡིན་ལ། སི་ཀ་ནི་དགེ་བ་ཡིན་པས་དགེ་བསྙེན་ཞེས་བྱ་སྟེ། གཞི་འགྲེལ་ལས། དགེ་བའི་ཆོས་ལ་བསྙེན་བཀུར་བྱེད་པའི་ཕྱིར་དང་བསླབ་པའི་གཞི་ཇི་སྐད་གསུངས་པ་དག་སྲུང་བར་བྱེད་པའི་ཕྱིར་རོ་ཞེས་སོ། །ཞེས་མཚོ་ཊཱིཀ་ཏུ་གསུངས་ལ། ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱིས་ནི་སྐྱབས་འགྲོ་བླངས་ནས་དེའི་བསླབ་བྱ་ཙམ་བསྲུང་བའོ། །སྣ་གཅིག་སྤྱོད་པས་ནི་སྲོག་གཅོད་ཙམ་སྤོང་བའོ། །སྣ་འགའ་སྤྱོད་པས་ནི་མ་བྱིན་ལེན་དང་གཉིས་སྤོང་བའོ། །ཕལ་ཆེར་སྤྱོད་པས་ནི་བརྫུན་དང་གསུམ་སྤོང་ཞིང་། ཡོངས་རྫོགས་ཀྱིས་ནི་འདོད་ལོག་དང་ཆང་སྟེ་ལྔ་ཆར་སྤོང་ངོ་། །མདོ་ལས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་ཆོས་དགེ་བ་བཅུ་སྤྱོད་པ་རྣམས་གསུངས་པ་ཡང་དེ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དེ་ལས་གཞན་པའི་དགེ་བསྙེན་མི་འདོད་ལ། མདོ་སྡེ་པ་དག རྒྱན་གྱིས་བརྒྱན་པར་གྱུར་ཀྱང་ཆོས་སྤྱོད་ལ། །ཞེས་སོགས་ཀྱི་གཞུང་ལ་བརྟེན་ནས་དེའི་སྟེང་དུ་མི་ཚངས་སྤྱོད་སྤོང་བ་ཚངས་སྤྱོད་ཀྱི་དགེ་བསྙེན་ཡང་འདོད་ཅིང་། འཕགས་པ་གནས་བརྟན་པའི་སྡེ་པ་དག་བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་བླངས་པ་གོ་མིའི་དགེ་བསྙེན་ཡང་འདོད་དོ། །ཐེག་ཆེན་གྱི་སྡེ་སྣོད་ལས་ཀྱང་འདི་འབྱུང་སྟེ། དཀོན་མཆོག་བརྩེགས་པ་ལས། རྒྱལ་པོའི་བུ་སྙིང་རྗེ་ཆེ་སེམས་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པ་ཇི་སྲིད་འཚོའི་བར་དུ་བླངས་པར་བཤད་པའི་ཕྱིར་རོ། །ཞེས་གསུངས་སོ། །

{{#arraymap:དགེ་བསྙེན་

|; |@@@ | | }}

དགེ་བསྙེན་ (3)
Part of speech མིང་ཚིག
Definition བྱེད་ཚིག་སྟེ་ལས་སྤྱོད་དག་པའི་དགེ་བ་ལ་བསྟེན་པས་ན་དགེ་བསྙེན་ཞེས་བྱ་སྟེ། བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང་རབ་གསལ་སྒྲོན་མེ་ལས། དགེ་བ་ལ་ཡིད་བསྙེན་པས་དགེ་བསྙེན་ནོ། །ཞེས་སོ། །

{{#arraymap:དགེ་བསྙེན་

|; |@@@ | | }}